འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་22ཉིན།

༄༅།།བོད་ཀྱི་འབྲུ་རིགས་ལ་སླར་ཡང་ལོ་ལེགས་བྱུང་བ།

2025ལོར་ཐོན་འབབ་ཏུན་ཁྲི་115ཟིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་22ཉིན། 14:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་115ཟིན་ཞིང་། ལོ་གོང་མ་ལས་ཏུན་ཁྲི་2.05འཕར་བ་དེ་དུས་མཚུངས་ལས་1.81%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད། དེའི་ནང་ནས་ཀྱི་ཐོན་འབབ་ཏུན་ཁྲི་90ལས་ཐེངས་དང་པོར་བརྒལ་ནས་ཏུན་ཁྲི་90.53ཟིན་ཞིང་། ལོ་གོང་མ་ལས་ཏུན་ཁྲི་1.76འཕར་བ་དེ་དུས་མཚུངས་ལས་1.98%འཕར་ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲུ་རིགས་ཐོན་སྐྱེད་ཀྱི་ཕན་འབྲས་དེ་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་ལྟེ་བའི་དཔྱད་ཞིབ་དམིགས་ཚད་ནང་བཅུག་པ་དང་། ས་ཁུལ(གྲོང་ཁྱེར)ཁག་དང《བོད་རང་སྐྱོང་ལྗོངས་ཀྱི་རྨོ་ཞིང་ལ་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ལས་རིགས་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ་རེད། 2025ལོར་བོད་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་302.4ཟིན་པ་དང་། དེའི་ནང་ནས་ཀྱི་འདེབས་ཁྱོན་མུའུ་ཁྲི་233.4ཟིན་པ་དེ་ལོ་གོང་མ་ལས་ཁག་སོ་སོར་མུའུ་ཁྲི་3.31དང་མུའུ་ཁྲི་3.34འཕར་ཡོད་པ་རེད།

     བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་འབྲུ་རིགས་དང་པད་ཁ་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་རྒྱུ་དེ་ཐོན་འབབ་བརྟན་པོ་དང་ལོ་ལེགས་ཡོང་བའི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩིས་ཏེ། ཞིང་ས་གཤིན་པོ་དང་། སོན་བཟང་། གོ་སྐབས་བཟང་པོ། བྱེད་ཐབས་བཟང་པོ་བཅས་མཉམ་འདྲེས་ཡོང་བར་གཅིག་འདོམས་སྐུལ་འདེད་བཏང་སྟེ། “སྲིད་འཛིན་དང་རིགས་གཅིག་མཁས་ཅན་ཟུང་དུ་འབྲེལ་བའི”ལས་ཀའི་ལམ་སྲོལ་འཛུགས་པ་དང་། མུའུ་ཁྲི་120ཡི་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་དང“ཏང་སྲིད་ཀྱི་འགོ་གཙོ་དང་པོའི་དཔེ་སྟོན་ཞིང་ཁ”ཁག་35ཚད་གཞི་མཐོ་པོས་འཛུགས་སྐྲུན་བྱས་ནས་ཐོན་འབབ་མཐོ་བའི་ལག་རྩལ་གཅིག་སྡུད་ཁྱབ་གདལ་བཏང་བ་རེད། ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ཞིང་ལས་ཚན་རྩལ་མི་སྣ་5000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཞིང་ལས་ཚན་རྩལ་གྱི་འགན་གཙང་འགན་ལེན་གྱི་ཞབས་འདེགས་ཞུས་པ་དང་། ཞིང་ལས་དངོས་སྤྱོད་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བས། ལྗོངས་ཡོངས་ཀྱི་ལོ་ཏོག་རྨོ་འདེབས་དང་བརྔ་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་68.1%ཟིན་ཡོད།

      2025ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་མུའུ་རེ་ནས་ཐོན་འབབ་སྤྱི་རྒྱ་380.29ཟིན་པ་དེ་ལོ་གོང་མ་ལས་མུའུ་རེ་ནས་སྤྱི་རྒྱ་2.65འཕར་ཡོད། དེ་དང་ཆབས་ཅིག རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས་དང་གྲོང་ཁྱེར)7:2:1བཅས་ཀྱི་རིམ་པ་གསུམ་གྱི་རྫས་ལུད་ཀྱི་མ་འཇོག་འགན་ལེན་ལམ་སྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། “ནད་འབུའི་གནོད་འཚེ་བསལ་ནས་འབྲུ་རིགས་ཐོན་འབབ་འགན་ལེན”གྱི་ལོ་ལེགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གཙོ་བོར་བྱས་པའི་རྨོ་ཞིང་གི་སྤུས་ཚད་མཐོར་གཏོང་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་454.62འཛུགས་སྐྲུན་བྱས་པ་དང་མུའུ་ཁྲི་83.22ལ་སྒྱུར་བཀོད་རིམ་སྤོར་བྱས་པ་རེད།