གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་22ཉིན། 14:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ལྗར་པན་རླུང་འཕྲིན་མཐུན་ཚོགས(NHK)གསར་འགོད་པས་དྲིས་དོན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་འགན་ཁུར་ནས་ལོ་གཅིག་ཟིན་ཡོད་པ་དང་། དེའི་རིང་ཁོང་གི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཕེལ་ཕྱོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེའི་ནང་ཝེ་ནེ་ཙུའེ་ལའི་གནད་དོན་ཐད་ཀྱི་བྱེད་ཐབས་བཙན་པོ་དང་དེ་བཞིན་ཉེ་དུས་ཀེ་ལིན་ལན་གླིང་ཕྲན་བཙན་བཟུང་བྱ་རྒྱུའི་འཇིགས་སྐུལ་གཏོང་བའི་རྣམ་འགྱུར་ཡང་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཐེ་རོན་ཕུའུ་ཡིས་སྲིད་འཛིན་བྱས་པའི་ལོ་གཅིག་རིང་གི་ཕྱི་ཕྱོགས་སྲིད་ཇུས་དང་དེས་རྒྱལ་སྤྱིའི་དུས་བབ་ལ་ཐེབས་པའི་ཤུགས་རྐྱེན་ལ་གདེང་འཇོག་ཇི་ལྟར་བྱ་རྒྱུ། གཞན་ཡང་ཐེ་རོན་ཕུའུ་ཡིས་ད་ལོའི་ཟླ་4པར་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུའི་འཆར་གཞི་ཡོད་པའི་སྐོར་ལ་ཀྲུང་གོ་ཕྱོགས་ཀྱིས་ཞིབ་ཕྲའི་གནས་ཚུལ་སྔར་བས་མང་བ་མཁོ་འདོན་ཐུབ་བམ།
གོ་ཅ་ཁུན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། ཀྲུང་གོ་དང་ཨ་རིའི་འབྲེལ་བར་འཕར་ཆག་བརྒྱུད་ནས་སྤྱིའི་འགུལ་རྣམ་བརྟན་ལྷིང་མངོན་འགྱུར་བྱུང་བ་དེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་རེ་སྒུག་དང་ཡང་མཐུན་ཡོད། ལོ་གཅིག་རིང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་འགྲོ་བཞིན་པའི་བརྒྱུད་རིམ་ཐོག་ནས་ཀྲུང་གོ་དང་ཨ་རིས་མཉམ་ལས་བྱས་ན་གཉིས་ཀར་ཕན་པ་ཡོད་པ་དང་། འཐབ་རྩོད་བྱས་ན་གཉིས་ཀར་གནོད་སྐྱོན་ཡོད་པ་སླར་ཡང་གསལ་པོར་མཚོན་ཡོད། ཀྲུང་གོ་དང་ཨ་རིས་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་ཡང་དག་པའི་མཉམ་གནས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཆབས་ཅིག་རང་ངོས་ཀྱི་བདག་དབང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བརྟན་པོ་བྱེད་འདོད་ཡོད།
ཀུའོ་ཅ་ཁུན་གྱིས“ཁྱེད་ཀྱིས་བཏོན་པའི་ཞིབ་ཕྲའི་གནད་དོན་སྐོར་ལ་མིག་སྔར་ང་ལ་མཁོ་འདོན་བྱེད་ཐུབ་པའི་ཆ་འཕྲིན་མེད”ཅེས་བཤད།