གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་19ཉིན། 16:13】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
སྨན་བཅོས་འགན་བཅོལ་ལས་སྒོ་གཉེར་སྐབས་གྲོན་དངུལ་གང་ཡང་བསྡུ་རྒྱུ་མེད་པའི་སྐོར་གྱི་སྤྱི་བསྒྲགས།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གཉེར་སྒྲུབ་སྒྲིག་གཞིས་སྤྱི་ཚོགས་ཀྱི་ཕུང་གསུམ་པའི་སྒྲིག་གཞིའམ་ཡང་ན་མི་སྒེར་འགའ་ཞིག་གིས་“སྨན་བཅོས་འགན་བཅོལ་ལས་སྒོ་ཚབ་སྒྲུབ་ཞབས་ཞུ་”(དཔེར་ན། སྨན་བཅོས་འགན་བཅོལ་འབྲེལ་བ་སྤོ་སྒྱུར་མཐུད་ལེན་དང་། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད། ཆ་འཕྲིན་བསྒྱུར་བཅོས། སྨན་བཅོས་འགྲོ་གྲོན་རྩིས་ཞུ་སོགས།)ཡི་མིང་ཐོག་ནས་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་ཞབས་ཞུའི་གྲོན་དངུལ་བསྡུ་བ་དང་གོ་ནོར་དྲིལ་བསྒྲགས་ཀྱི་བྱ་སྤྱོད་ཡོད་པ་ཤེས་རྟོགས་བྱུང་ནས་རྒྱ་ཆེའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་མགོ་སྐོར་དང་རྒྱུ་ནོར་གྱོང་གུན་མི་ཕོག་པའི་ཆེད་དུ་འདིར་འབྲེལ་ཡོད་དོན་ཚན་དམ་པོར་བཟུང་ནས་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག རང་ལྗོངས་ཀྱི་རིམ་ཁག་སྨན་བཅོས་འགན་བཅོལ་སྡེ་ཁག་དང་དེ་བཞིན་ཁོངས་གཏོགས་གཉེར་སྒྲུབ་སྒྲིག་གཞིས་ཁྲིམས་བཀོད་སྨན་བཅོས་འགན་བཅོལ་ལས་སྒོ་ཡོད་ཚད(སྨན་བཅོལ་འབྲེལ་བ་སྤོ་སྒྱུར་འབྲེལ་མཐུད་དང་།སྨན་བཅོས་འགན་བཅོལ་ཐོ་འགོད།ཆ་འཕྲིན་འགྱུར་ལྡོག སྨན་རིན་རྩིས་ཞུ་སོགས་ཚུད་ཡོད།)གཉེར་སྐབས་གྲོན་དངུལ་གང་ཡང་བསྡུ་མི་ཆོག་པ་དང་།
གཉིས། སྨན་བཅོས་འགན་སྲུང་སྡེ་ཁག་གི་གཞུང་ཕྱོགས་ཞབས་ཞུའི་ཐབས་ལམ།(དཔེར་ན་རིམ་ཁག་སྨན་བཅོས་འགན་བཅོལ་ཞབས་ཞུའི་སྐར་ཁུང་དང་།“རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་APP”“བོད་ལྗོངས་སྨན་བཅོས་འགན་བཅོལ”སྐད་འཕྲིན་ལས་སྒྲུབ་ཆུང་གྲས་སོགས།)སྨན་བཅོས་འགན་བཅོལ་ལས་སྒོ་གཉེར་བའི་ཚད་ལྡན་ཐབས་ལམ་ཡིན་པས་རྒྱ་ཆེའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་གོང་གསལ་དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་བརྒྱུད་འབྲེལ་ཡོད་ལས་སྒོ་སྒྲུབ་དགོས།
གསུམ། འགྲོ་གྲོན་སྤྲད་ཚེ་“སྒྲུབ་གཉེར་མགྱོགས་པོ་བྱེད་པ་”དང་། “ཞིབ་བཤེར་གཏན་འབེབས་འགན་ལེན་བྱེད་པ་”“དམིགས་བསལ་གྱི་ཐབས་ལམ་བརྒྱུད་ནས་སྒྲུབ་གཉེར་བྱེད་པ་”སོགས་ཀྱི་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་སྤེལ་བར་བརྟེན་ནས་བསྒྲུབ་དགོས་ཞེས་བརྗོད་མཁན་སུ་ཞིག་ཡིན་རུང་དེ་རིགས་ཚང་མ་དྲིལ་བསྒྲགས་རྫུས་མའམ་ཡང་ན་སྒྲིག་འགལ་གྱི་བྱ་སྤྱོད་རེད། རྒྱ་ཆེའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཚོས་ངེས་པར་དུ་དོགས་ཟོན་ཆེ་རུ་གཏོང་བ་དང་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་དྲིལ་བསྒྲགས་དེ་རིགས་ལ་ཡིད་ཆེས་མི་བྱེད་པ་དང་། མི་སྒེར་གྱི་ཐོབ་ཐང་ཆ་འཕྲིན་དང་། སྨན་བཅོས་འགན་བཅོལ་གྱི་ལག་ཁྱེར། རྒྱུ་ནོར་བདེ་འཇགས་བཅས་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས།
བཞི།ལྗོངས་ཡོངས་ཀྱི་སྨན་བཅོས་འགན་ལེན་སྡེ་ཁག་གིས་སྨན་བཅོས་འགན་བཅོལ་གཉེར་སྒྲུབ་ཞབས་ཞུ་མུ་མཐུད་ལེགས་སུ་གཏོང་བ་དང་། ལས་ཕྱོད་ཆེ་རུ་བཏང་ནས་རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་ལ་སྔར་བས་སྟབས་བདེ་དང་། ནུས་ཆེ། སྤུས་ལེགས་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་ཚོས་“བོད་ཀྱི་སྨན་བཅོས་འགན་ལེན་”གྱི་སྐད་འཕྲིན་སྤྱི་སྟེགས་དང་། “བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་ལེན་ཅུས་”ཀྱི་གཞུང་ཕྱོགས་དྲ་ཚིགས་སམ། “བོད་ཀྱི་སྨན་བཅོས་འགན་ལེན་”གྱི་སྐད་འཕྲིན་སྤྱི་སྟེགས་སོགས་བརྒྱུད་ནས་སྲིད་ཇུས་གསར་ཤོས་དང་ཞབས་ཞུའི་ཆ་འཕྲིན་བསྡུ་ལེན་བྱེད་རོགས།
དེ་དོན་ཡིད་ལ་འཇགས་པར་འཚལ།
བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་ལེན་ཅུས་ནས།
2026ལོའི་ཟླ་1ཚེས16ཉིན།