འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་19ཉིན།

༄༅།།ཐད་གཏོང་ཁང་ནས་ཟས་རིགས་འདི་དག་བཙོང་མི་ཆོག 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་19ཉིན། 14:39】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་16ཉིན། གསར་འགོད་པས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 《ཐད་གཏོང་གློག་རྡུལ་ཚོང་དོན་གཉེར་སྐྱོང་པས་བཟའ་བཅའི་བདེ་འཇགས་ཀྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་སྐུལ་དོ་དམ་སྐོར་གྱི་གཏན་འབེབས་》དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ད་ལོའི་ཟླ་3ཚེས་20ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

     ལྟ་སྐུལ་དོ་དམ་ལག་ལེན་ཁྲོད་མངོན་གསལ་དོད་ཤོས་དང་འཛད་སྤྱོད་པའི་ཚུར་སྣང་ཆེ་ཤོས་ཀྱི་དཀའ་གནད་ཆེན་པོ་གསུམ་ལ་དམིགས་པ་སྟེ། གཅིག་ནི་རྫུན་མ་སྤུས་ཞན་དང་། དུས་ཡོལ་ནས་ངོ་བོ་ངན་པ་སོགས་ཀྱི་གནད་དོན་ཡོད་པའི་བཟའ་བཅའ་ཐད་གཏོང་ཁང་དུ་བཞག་མི་ཆོག གཉིས་ནི་དྲིལ་བསྒྲགས་རྫུན་མ་དང་ཕན་ནུས་སྒྲོ་འདོགས་བྱེད་པ་སྟེ། དཔེར་ན། སྤྱིར་བཏང་གི་ཟས་རིགས་བདེ་སྲུང་ཟས་རིགས་སུ་རྫུས་པ་དང་། ནད་རིགས་སྨན་བཅོས་བྱེད་ནུས་ཡོད་པར་སྨྲ་བ་ལྟ་བུ། གསུམ་ནི་བཟའ་བཅའི་རིགས་མཉམ་བསྲེས་དང་ཆ་འཕྲིན་དངོས་མིན་པས། འཛད་སྤྱོད་པས་བརྡར་ཤ་གཅོད་པར་གོ་ནོར་ཐེབས་པ། 《གཏན་འབེབས》ནང་གཏན་འགོག་གི་བླང་བྱ་གཙོ་བོ་གཉིས་ཁ་གསལ་བཟོས་ཡོད་པ་སྟེ།

      ཐད་གཏོང་ཁང་ནས་བཟའ་བཅའི་རིགས་13འདི་བཙོང་མི་ཆོག་པ་ཁ་གསལ་བཟོས་ནས། སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། དེའི་ནང་དུ་ཟས་རིགས་མ་ཡིན་པའི་རྒྱུ་ཆ་སྤྱད་དེ་ཐོན་སྐྱེད་བྱེད་པ། དུག་ལྡན་དང་གནོད་ལྡན་དངོས་རྫས་བསྣན་ཡོད་པའི་ཟས་རིགས་དང་། ནད་སྐྱེད་རང་བཞིན་གྱི་སྐྱེ་དངོས་ཕྲ་རབ་དང་ལྕི་བའི་ལྕགས་རིགས་ཚད་ལས་བརྒལ་བའི་ཟས་རིགས། དུས་ལས་ཡོལ་བ་དང་། རུལ་བ་དང་ངོ་བོ་འགྱུར་བ། རུལ་འགྱུར་དང་འབུ་སྐྱེ་སླ་བའི་ཟས་རིགས་བཅས། ནད་དང་དུག་གིས་ཤི་བའམ་ཡང་ན་ནད་བཤེར་ཚད་གཞི་མ་ལོན་པའི་ཕྱུགས་དང་བྱ་ཤ་རིགས་དང་དེའི་ཐོན་རྫས། མཆན་རྟགས་མེད་པ་དང་སྔོན་ལ་ཐུམ་སྒྲིལ་བྱས་པའི་ཟས་རིགས། རྒྱལ་ཁབ་ཀྱིས་ཐོན་སྐྱེད་དང་གཉེར་སྐྱོང་བྱས་མི་ཆོག་པའི་བཀའ་བཏང་བའི་ཟས་རིགས་སོགས་ཡིན། གཏན་འབེབས་དེ་དག་གིས་འཛད་སྤྱོད་པས་སེམས་ཁུར་ཆེ་ཤོས་བྱེད་པའི་ཟས་རིགས་བདེ་འཇགས་ཀྱི་མ་མཐའི་ཚད་ཀྱི་གནད་དོན་ལ་ཐད་ཀར་ལན་བརྒྱབ་སྟེ་ཐད་གཏོང་ཁང་གི་ཟས་རིགས་ལ་“དམར་ཐིག་”བརྒྱབ་ཡོད་པ་རེད།