འདི་ག་ཚགས་པར་གྱི་གསར་འགོད་པ། ལུའོ་ཧྲན་ཧྲན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་22ཉིན། 14:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀློག་པ་པོའི་དོ་ཁུར།
གསར་འགྱུར་ལས་ཤེས་གསལ། ཟླ་12ཚེས་18ཉིན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་དངོས་སུ་སྡོམ་འགོ་ཚུགས་ཡོད། ཟླ་11ཚེས་10ཉིན་བར་རང་རྒྱལ་གྱི་ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་48ཟིན་ཡོད། ད་ལྟ་རྒྱལ་སྤྱིའི་ཐོག་སྲུང་སྐྱོང་རིང་ལུགས་ཐོན་བཞིན་ཡོད་ཀྱང་ང་ཚོས་ད་དུང་རང་བརྟེན་སྒོ་དབྱེ་རྒྱ་ཆེར་ཧུར་ཐག་གཏོང་དོན་གང་ཡིན་ནམ།
—— མི་དམངས་དྲ་བའི་དྲ་གྲོགས།
དྲ་གྲོགས་ཀྱིས་དོ་ཁུར་དེ་གནད་དོན་ཁག་གཉིས་ལ་དབྱེ་ཆོག་པ་སྟེ། “སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་དགོས་མིན”དང“རང་བརྟེན་སྒོ་དབྱེས་གང་ཞིག་མཚོན་མིན”གཉིས་ཡིན།
དེ་ཡང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ནས་གླེང་ཆོག
2025ལོའི་ཟླ་12ཚེས་18ཉིན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་དངོས་སུ་སྡོམ་འགོ་ཚུགས་ཤིང་། “‘ལམ་ཐིག་གཅིག’སྒོ་དབྱེ་དང་།‘ལམ་ཐིག་གཉིས’ལ་དོ་དམ། གླིང་ཕྲན་ནང་ཁུལ་དུ་རང་དབང”བཅས་གཞི་རྩའི་ཁྱད་ཆོས་སུ་བྱས་པའི་རང་མོས་ཅན་དང་སྟབས་བདེ་ཅན་གྱི་སྲིད་ཇུས་ཀྱི་ལམ་ལུགས་ལག་ལེན་བསྟར་ཡོད། དེ་ཐོག་ནས་གོ་ལ་ཧྲིལ་པོ་ནས་ཡོང་བའི་མི་རྒྱུན་དང་། ཟོག་འགྲུལ། མ་དངུལ། གྲངས་གཞི་སོགས་ཀྱི་གཙོ་རྒྱུ་གཙོ་བོ་ཧའེ་ནན་ནས་ཕྱིར་གཏོང་ནང་འདྲེན་བྱེད་པར་དེ་བས་སྟབས་བདེ་བ་མཚོན་ཡོད།
སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བར་ཕན་པ་གང་ཞིག་ཡོད་དམ་ཞེ་ན། དེ་ཡང་ཧའེ་ནན་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དེའི་ལན་འཚོལ་ཆོག་སྟེ།
2020ལོའི་ཟླ་6པར། 《ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི》བསྒྲགས་པ་དང་། ལོ་ལྔའི་རིང་ཧའེ་ནན་གྱིས་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་1025དངོས་སུ་སྤྱད་ནས་ལོར་ཆ་སྙོམས་14.6%འཕར་ཡོད། དངོས་ཟོག་ཚོང་དོན་དང་ཞབས་ཞུའི་ཚོང་དོན་ལོ་རེར་ཆ་སྙོམས་31.3%དང་32.3%སོ་སོར་འཕར་བ་དང་དཔལ་འབྱོར་ཕྱི་ཕྱོགས་སུ་ཕྱོགས་ཚད་35%བར་མཐོ་རུ་སོང་ཡོད། གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་དངོས་སུ་སྡོམ་འགོ་ཚུགས་པ་དང་ཆབས་ཅིག སྒོ་དབྱེའི་ས་གཞི་འདིས་གོ་སྐབས་ཡག་པའི་དུས་སྐབས་གསར་པ་ཞིག་བསུ་རྒྱུ་རེད།
རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་འཕེལ་རིམ་ནས་བལྟས་ཚེ། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པའི་བྱེད་ཐབས་གལ་ཆེན་ཞིག་རེད།
2024ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོར་མ་དངུལ་བཏང་ནས་བཙུགས་པའི་ཁེ་ལས་ཁྲི་124ཙམ་ཟིན་པ་དང་། 2024ལོར་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ལྡན་པའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཁྲི་70ཙམ་ཟིན་ཡོད། ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་མ་དངུལ་གྱིས་མི་དུང་ཕྱུར་2ལྷག་ཙམ་ལས་ཞུགས་ཐུབ་པར་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱིས་སྐུལ་ཁྲིད་བྱས་ཡོད། ད་ལོའི་ཟླ་11པར་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་དུས་མཚུངས་ལས་26.1%འཕར་ཡོད་པ་རེད།
མིག་སྔར། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་མང་ལ་ཟང་ཟིང་ཆེ་ཞིང་། རྒྱལ་ཁབ་ཁག་གཅིག་ཚོང་དོན་སྲུང་སྐྱོང་གི་མཁར་རྫོང་འཛུགས་པའི་ཕྱོགས་སུ་བསྐྱོད་ཡོད། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་སྔོན་ཆད་ལས་དཀའ་ངལ་དེ་བས་ཆེ་བ་དང་བླང་བྱ་དེ་བས་མཐོ་བ་ཡོད། དེར་བརྟེན། “བདེ་འཇཌ”དང“རིམ་མཚུངས”ལ་བསམ་གཞིག་གིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་དོགས་པ་བྱེད་པའི་ལྟ་བ་འགའ་ཡང་ཡོད།
“སྒོ་དབྱེ”དང“བདེ་འཇགས”ཇི་ལྟར་འགུལ་རྣམ་དོ་མཉམ་ཡོང་བར་བྱེད་དགོས་ཤེ་ན། གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ནི“རང་བརྟེན་སྒོ་དབྱེར”ཐུག་ཡོད།
རང་བརྟེན་སྒོ་དབྱེ་ནི་དུས་རབས་གསར་པའི་ཆུ་ཚད་མཐོ་བའི་སྒོ་དབྱེའི་ཁྱད་ཆོས་གལ་ཆེན་ཞིག་ཡིན། དེ་ནི་ཀྲུང་གོའི་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་པ་དང་། འཛམ་གླིང་དང་དགེ་མཚན་ལྡན་པའི་མཉམ་འགུལ་གྱི་དགོས་མཁོར་ལྟ་རྟོག་བྱས་ཏེ། ལས་རིགས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་པའི་བརྒྱུད་རིམ་དང་། ཁྱབ་ཁོངས། རིམ་པ་བཅས་ལྡན་པའི་རང་འགུལ་སྒོ་དབྱེ་ཞིག་ཡིན།
སྔོན་ཆད་ང་ཚོའི་སྒོ་དབྱེ་ནི“རྗེས་སྙེག”ཡིན་མོད། ད་ཆ་ང་ཚོའི་སྒོ་དབྱེ་ནི“སྣེ་ཁྲིད”ཡིན། རང་བརྟེན་སྒོ་དབྱེའི་སྲོག་ཤིང་ནི“རང་ཉིད་གཙོ་བོར་འཛིན་པ”དང་། ངོ་བོ་ནི“མཉམ་ལས་གཉིས་ཕན”ཡིན།
རང་བརྟེན་སྒོ་དབྱེ་ནི་རིམ་མཚུངས་རྩ་དོན་འོག་ཏུ་སྒོ་མོ་འབྱེད་པ་ཙམ་མིན་ལ། ཕྱི་རོལ་གྱི་གནོན་ཤུགས་དབང་གིས་བཙན་ཤེད་ཀྱིས་སྒོ་མོ་འབྱེད་པ་ཡང་མིན་པར། རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོར་གཞིགས་པ་དང་རང་ཚུགས་རང་བརྟེན་གྱི་རྨང་གཞིར་གཞིགས་ནས་སྒོ་མོ་འབྱེད་པ་ཞིག་ཡིན།
སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་སྐྲུན་པ། ནང་འདྲེན་འགྲེམས་ཚོགས་སོགས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལས་སྟེགས་གཏོད་པ། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱིས་100%ཡི་ཁྲལ་རིགས་ཐོན་རྫས་སྒོ་ཁྲལ་མེད་པའི་ཐོབ་ཐང་ལོངས་སུ་སྤྱོད་པ། ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་རྒྱ་གོ་རིམ་ལྡན་པའི་ངང་ཆེ་རུ་གཏོང་བ་སོགས་རང་འགུལ་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་དངོས་སྒྲུབ་བྱེད་ཐབས་དེ་དག་གིས་རང་ཉིད་འཕེལ་རྒྱས་ཕྱིན་པ་མ་ཟད། འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་ཡོད།
སྒོ་དབྱེའི་ཆུ་ཚད་དང་། སྒྱུར་བཅོས་ཀྱི་ཤུགས་ཚད། འཕེལ་རྒྱས་ཀྱི་དུས་མཚམས་བཅས་ནི་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་ལ་སྐུལ་འདེད་གཏོང་བ་ཞིག་ཡིན། སྒྱུར་བཅོས་ཟབ་ཏུ་བཏང་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ཚེ་སྒོ་དབྱེའི་ནུས་པ་གཞི་ནས་ཆེ་རུ་འགྲོ་ཐུབ། སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ཚེ་སྒྱུར་བཅོས་ཀྱི་སྒུལ་ཤུགས་དེ་བས་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་ཀྱང་དེ་བས་ཡག་པོ་འགྲོ་ཐུབ།
ད་ཆ་རང་རྒྱལ་ལ་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་འབབ་འབྲིང་ཚོགས་སྤྱི་ལྡན་པས། ཁྲོམ་རའི་བར་མཐོངས་ཆེ་བ་མ་ཟད། འཚར་ལོངས་རང་བཞིན་ཡང་ཆེན་པོ་ཡོད། ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་སོང་ནས་ཚགས་ཚུད་ཐོན་ལས་ཚོགས་པ་200ལྷག་ཙམ་ཡོད་པ་དང་། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ཁེ་ལས་མཁས་ཅན་འབོར་ཆེན་ལྡན་པ་སོགས། རང་རྒྱལ་ལ་རྒྱལ་སྤྱིའི་བར་མཐོངས་རང་འགུལ་ངང་ཇུས་འགོད་དང་ཕྱི་རོལ་ཁོར་ཡུག་གཏོད་པའི་མཐུན་རྐྱེན་མང་པོ་ལྡན་པས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རང་འགུལ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རང་འགུལ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་རྦད་དེ་ཐོབ་ཐུབ།
རང་བརྟེན་སྒོ་དབྱེ་རྒྱ་ཆེར་ཧུར་ཐག་གཏོང་བ་དང་། ནང་ཁུལ་དུ་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ནུས་པ་སྔར་བས་ལེགས་པའི་ངང་འདོན་པ་དང་། ཕྱི་ཕྱོགས་སུ་སྒོ་དབྱེར་བརྟེན་ནས་མཉམ་ལས་གཉིས་ཁེར་སྐུལ་འདེད་གཏོང་བའི་སྣེ་ཁྲིད་ནུས་པ་སྔར་བས་ལེགས་པའི་ངང་འདོན་པ་ནི་ཀྲུང་གོར་ཕན་འདོགས་པ་མ་ཟད། འཛམ་གླིང་ལའང་ཕན་འདོགས་པའི་གཉིས་ཕན་གྱི་བྱེད་ཐབས་ཤིག་རེད།