འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་17ཉིན།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

༄༅།།ནང་མཁོ་རྒྱ་ཆེར་གཏོང་བ་ནི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་རེད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་17ཉིན། 13:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་24པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《ནང་མཁོ་རྒྱ་ཆེར་གཏོང་བ་ནི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་རེད》ཅེས་པ་སྤེལ་བ་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2015ལོའི་ཟླ་10པ་ནས་2025ལོའི་ཟླ་10པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བཏུས་ཡིན་པ་རེད།

     རྩོམ་ཡིག་ནང་བསྟན་དོན། ནང་མཁོ་རྒྱ་ཆེར་གཏོང་བ་ནི་དཔལ་འབྱོར་བརྟན་པོ་ཡོང་བ་དང་འབྲེལ་བ་ཡོད་ལ་དཔལ་འབྱོར་གྱི་བདེ་འཇགས་དང་ཡང་འབྲེལ་བ་ཡོད་པས། དེ་ནི་སྐབས་བསྟུན་གྱི་བྱ་ཐབས་ཤིག་མིན་པར་འཐབ་ཇུས་ཀྱི་བྱ་ཐབས་ཤིག་རེད། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་ནི་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་དགོས་མཁོ་ཡིན་ལ། ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཆེད་ཀྱང་རེད། ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་ཞན་ཆ་གང་མགྱོགས་བསལ་ཏེ། ནང་མཁོ་དེ་ཉིད་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་དང་བརྟན་ལྷིང་གི་འདེགས་སྐྱོར་ཞིག་ཏུ་འགྱུར་བར་བྱེད་དགོས།

     རྩོམ་ཡིག་ནང་ནན་བཤད་བྱས་དོན། རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་གྱི་ལེགས་ཆ་ནི་ནང་ཁུལ་དུ་འཁོར་རྒྱུག་བྱེད་ཆོག་པ་དེ་རེད། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་འདིར་སྟངས་འཛིན་ནན་པོ་བྱས་ཏེ། རྒྱལ་ནང་གི་ཁྲོམ་ར་དེ་བས་མང་བར་བརྟེན་ནས་ཐོན་སྐྱེད་དང་། བགོ་འགྲེམས། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་འཁོར་རྒྱུག་བཟང་པོ་ཡོང་བར་བྱེད་དགོས། ནང་མཁོ་རྒྱ་ཆེར་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བ་གཉིས་ཕན་ཚུན་འགལ་ཟླ་མིན། རྒྱལ་ནང་གི་འཁོར་རྒྱུག་ཇི་ཙམ་ཤར་གཏོང་ཐུབ་ན། དེ་ཙམ་གྱིས་གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོར་འཐེན་ཤུགས་ཁྱབ་ཁོངས་ཤིག་གྲུབ་པ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གྲུབ་པར་ཕན་ཐོགས་དེ་བས་ཆེ་བ་ཡོད་ལ། རྒྱལ་སྤྱིའི་འགྲན་རྩོད་དང་མཉམ་ལས་ནང་ཞུགས་པའི་ལེགས་ཆ་གསར་པ་ཆགས་པར་ཡང་ཕན་ཐོགས་དེ་བས་ཆེ་བ་ཡོད། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། མཁོ་སྤྲོད་ཕྱོགས་གཉིས་ནས་དུས་མཉམ་དུ་ནུས་ཤུགས་འདོན་པ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ནས། དགོས་མཁོས་མཁོ་སྤྲོད་ཀྱི་སྣེ་ཁྲིད་པ་དང་མཁོ་སྤྲོད་ལ་བརྟེན་ནས་དགོས་མཁོ་གཏོད་པའི་ཆུ་ཚད་དེ་བས་མཐོ་བའི་འགུལ་རྣམ་དོ་སྙོམས་ཡོང་བར་བྱེད་དགོས།

      རྩོམ་ཡིག་ནང་བསྟན་དོན། སྤྱིའི་དགོས་མཁོ་ཆེན་པོ་མེད་པ་ནི་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ལ་འཕྲད་པའི་མངོན་གསལ་དོད་པའི་འགལ་ཟླ་ཞིག་རེད། དེས་ན། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་རྩ་གནད་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ནང་མཁོའི་མ་ལག་ཆ་ཚང་གང་མགྱོགས་གྲུབ་པར་བྱས་ནས། ཡོང་འབབ་ཀྱི་འདེགས་སྐྱོར་ཡོད་པའི་འཛད་སྤྱོད་ཀྱི་དགོས་མཁོ་དང་། ལུགས་མཐུན་གྱི་ཁེ་འབབ་ཡོད་པའི་མ་འཇོག་གི་དགོས་མཁོ། མ་རྩ་དང་དངུལ་བུན་གྱི་ཚོད་འཛིན་ཡོད་པའི་དངུལ་རྩའི་དགོས་མཁོ་བཅས་རྒྱ་ཆེར་གཏོང་བར་ཤུགས་རྒྱག་དགོས། འཛད་སྤྱོད་ནི་རང་རྒྱལ་གྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས། འཛད་སྤྱོད་རྒྱ་ཆེར་གཏོང་བའི་ཆེས་རྩ་བ་ནི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་འཐུས་སྒོ་ཚང་དུ་གཏོང་བ། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཡོང་འབབ་བགོ་བཤའི་གྲུབ་ཆ་ལེགས་སུ་གཏོང་བ། ཡོང་འབབ་འབྲིང་རིམ་གྱི་ཚོགས་པ་རྒྱ་སྐྱེད་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱ་རྒྱུ་དེ་རེད། གྲོང་མིའི་འཛད་སྤྱོད་རྒྱ་ཆེར་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་མིར་འཛད་སྤྱོད་བྱེད་པའི་ཡོང་འབབ་བརྟན་པོ་ཡོད་པ་དང་། སེམས་ཁྲལ་མེད་པར་འཛད་སྤྱོད་བྱེད་ཕོད་པ། འཛད་སྤྱོད་ཁོར་ཡུག་བཟང་ལ་ཐོབ་སྣང་ལེགས་པས་འཛད་སྤྱོད་བྱེད་འདོད་ཆེ་བ་བཅས་ཡོང་བ་བྱེད་དགོས། མ་འཇོག་རྒྱ་ཆེར་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་འཇོག་བར་མཐོངས་རྒྱ་སྐྱེད་ནུས་ལྡན་གཏོང་བ། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་འོས་འཚམ་གྱིས་སྔོན་ལ་བཀོད་སྒྲིག་བྱེད་པ། ལག་རྩལ་མཐོ་བའི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་རྩ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་ཁྲོད་མ་འཇོག་གི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ནས་ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། མཁོ་སྤྲོད་ལ་ཚོད་འཛིན་བཟོ་བའི་འགག་ས་དང་། ཐོགས་ས། ཉམས་ཞན་གནས་བཅས་བསལ་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་འགྲན་རྩོད་ནུས་པ་དང་བདེ་འཇགས་རང་བཞིན་ཆེ་རུ་གཏོང་བ་དང་། རང་བརྟེན་ཚོད་འཛིན་ཆོག་པ་དང་སྤུས་ཚད་མཐོ་བའི་མཁོ་སྤྲོད་ལ་བརྟེན་ནས་ད་ཡོད་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་དགོས་མཁོ་གསར་པ་གཏོད་པ་དང་སྣེ་ཁྲིད་བྱེད་དགོས། དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་གཉིས་དང་། དངོས་པོ་དང་མི་སྐྱོང་ལ་མ་རྩ་གཏོང་བ་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་འགག་ས་དང་ཐོགས་ས་མཐའ་གཅིག་ཏུ་མེད་པར་བཟོ་དགོས།