སྔོན་དཔག་བྱས་ན་ཏུན་དུང་ཕྱུར་2.15ཟིན་རྒྱུ་ཡིན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་17ཉིན། 13:26】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་འཚོགས་པའི་2025ལོའི་རྒྱལ་སྤྱིའི་ནུས་རྒྱུ་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཐོག 《2060ལོའི་འཛམ་གླིང་དང་ཀྲུང་གོའི་ནུས་རྒྱུའི་རྒྱང་ལྟའི་སྙན་ཞུ(2025ལོའི་པར་གཞི)》ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུ་ལས་མངོན་པར། རང་རྒྱལ་གྱི་ནུས་རྒྱུའི་གྲུབ་ཆ་ཉིན་བཞིན་སྣ་མང་དང་དོ་སྙོམས་ཡོང་བཞིན་ཡོད་ཅིང་། འབྱུང་འགྱུར་ལོ་10ཡི་ནང་། ནུས་རྒྱུའི་གྲུབ་ཆའི་ཁྲོད་ནས་རྡོ་སོལ་སྤྱོད་ཚད་ཉུང་དུ་འགྲོ་རྒྱུ་དང་། སྣུམ་རླངས་སྤྱོད་ཚད་བརྟན་དུ་འགྲོ་རྒྱུ། རྫས་འགྱུར་དང་རྡོ་སོལ་མིན་རིགས་སྤྱོད་མང་དུ་འགྲོ་རྒྱུ་བཅས་ཀྱི་ཁྱད་ཆོས་མངོན་རྒྱུ་དང་། རྡོ་སྣུམ་དེ་མ་བཅོས་རྒྱུ་ཆ་ཅན་དང་ལྗང་མདོག་ཅན་དུ་གང་མགྱོགས་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་མངོན་ནས། དགོས་མཁོ་མང་ཆེ་བ་རྫས་འགྱུར་ཐོན་རྫས་དང་རྒྱུ་ཆ་གསར་པའི་བཟོ་སྐྲུན་ཁྱབ་ཁོངས་སུ་གང་མགྱོགས་འགྱུར་རྒྱུ། རང་བྱུང་སོལ་རླངས་ཀྱིས་རྡོ་སོལ་གྱི་ཚབ་བྱེད་པ་དང་གློག་ཤུགས་མ་ལག་གསར་པར་འདེགས་སྐྱོར་བྱེད་པར་ནུས་པ་གལ་ཆེན་ཐོན་རྒྱུ་བཅས་རེད།
རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2025ལོར། རང་རྒྱལ་གྱི་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར་2.15ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རེ་ཡོད་པ་དང་། རང་བྱུང་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2600ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་35%འཕར་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་སྣུམ་རླངས་མཁོ་སྤྲོད་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། གསོག་སྐྱེལ་ནུས་པ་མུ་མཐུད་ཆེ་རུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་བར། མ་བཅོས་རྡོ་སྣུམ་དང་བཅོས་སྣུམ་གྱི་མདོང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་6.7ཙམ་ཟིན་པ་དང་། རང་བྱུང་སོལ་རླངས་ཐག་རིང་དུ་འདྲེན་པའི་མདོང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་12.8ཙམ་ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་4%དང་16%སོ་སོར་འཕར་ཡོད། སོལ་རླངས་གསོག་མཛོད་སྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་སྙོམས་སྒྲིག་ཆེ་ཤོས་ཇེ་ཆེར་སོང་ཡོད།
ཀྲུང་གོ་རྡོ་སྣུམ་ཚོགས་པ་དཔལ་འབྱོར་ལག་རྩལ་ཞིབ་འཇུག་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། འབྱུང་འགྱུར་ལོ་ལྔའི་ནང་སྔོན་དཔག་བྱས་ན་རྒྱལ་ནང་གི་སྣུམ་རླངས་ཐོན་ཚད“སྣུམ་བརྟན་སོལ་འཕར”གྱི་རྣམ་པ་མངོན་ཞིང་། 2030ལོར་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར་2བར་བརྟན་པོ་ཡོང་རྒྱུ་དང་རང་བྱུང་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་3000བར་འཕར་རེ་ཡོད་པ་རེད།