གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་16ཉིན། 14:56】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ལི་ཀྲི་དབྱིན་གྱིས་ཕྱི་རྒྱལ་གྱི་སྟོབས་ཤུགས་དང་ངན་འབྲེལ་བྱས་པ་སོགས་ཀྱི་བྱས་ཉེས་གྲུབ་པ།
ཀྲུང་གོར་ངོ་རྒོལ་དང་ཞང་ཀང་དུ་ཟང་ཆ་སློང་མཁན་ལི་ཀྲི་དབྱིན་དང་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་ཀུང་སི་གསུམ་གྱིས་ཞང་ཀང་གི་རྒྱལ་སྲུང་བཅའ་ཁྲིམས་དང་འགལ་བའི་དོགས་གཞི་ཡོད་པའི་གྱོད་གཞི་ཚེས་15ཉིན་ཞང་ཀང་དུ་ཁྲིམས་ར་འཚོགས། ཉིན་དེར་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་མཐོ་རིམ་ཁྲིམས་ཁང་གིས་གྱོད་གཞིའི་ཐད་ཁྲུན་ཐག་བཅད་པ་སྟེ། ལི་ཀྲི་དབྱིན་གྱིས་ཕྱི་རྒྱལ་གྱི་སྟོབས་ཤུགས་དང་ངན་འབྲེལ་བྱེད་པའི་བྱས་ཉེས་གཉིས་དང་ངན་འབྲེལ་གྱིས་ངན་སྐུལ་དུས་དེབ་་འགྲེམས་སྤེལ་བྱས་པའི་ཉེས་པ་གཅིག་གྲུབ་པ་རེད།
གྱོད་གཞི་དང་འབྲེལ་བ་ཡོད་པའི་ཞུ་སྦྱོར་ཕྱི་མ་ལི་ཀྲི་དབྱིན་དང་། ཀུ་ཤུ་ཉིན་རེའི་ཚགས་པར་ཚད་ཡོད་ཀུང་སི། ཀུ་ཤུ་ཉིན་རེའི་ཚགས་པར་པར་འདེབས་ཚད་ཡོད་ཀུང་སི། ཀུ་ཤུ་ཉིན་རེའི་ཚགས་པར་དྲ་སྦྲེལ་ཚད་ཡོད་ཀུང་སི་བཅས་ཚུད་ཡོད་པ་དང་ཞུ་སྦྱོར་ཕྱི་མ་4ཡིས་ངན་འབྲེལ་གྱིས་ངན་སྐུལ་དུས་དེབ་འགྲེམས་སྤེལ་བྱེད་པའི་ཉེས་པ་ཞིག་དང་ཕྱི་རྒྱལ་གྱི་སྟོབས་ཤུགས་ངན་འབྲེལ་བྱེད་པའི་ངན་ཇུས་ཀྱི་ཉེས་པ་ཞིག་ཚུད་ཡོད་པ་རེད། ལི་ཀྲི་དབྱིན་ལ་གཞན་ཁེར་རྐྱང་དུ་ཕྱི་རྒྱལ་གྱི་སྟོབས་ཤུགས་དང་ངན་འབྲེལ་བྱས་པའི་ཉེས་པ་ཞིག་ཞུ་གཏུག་བྱས།
གྱོད་དོན་འདི་2023ལོའི་ཟླ་12ཚེས་18ཉིན་དངོས་སུ་འདྲི་གཅོད་བྱེད་འགོ་ཚུགས་ནས་ཞང་ཀང་རྒྱལ་སྲུང་བཅའ་ཁྲིམས་ཀྱིས་དམིགས་འཛུགས་བྱས་པའི་ཁྲིམས་དཔོན་གསུམ་གྱིས་ཞིབ་གཅོད་བྱས་ཡོད། 2024ལོའི་ཟླ་6ཚེས་11ཉིན་བར་ཞུ་གཏུག་བྱེད་མཁན་ཕྱོགས་ཀྱིས་དངོས་སུ་དཔང་རྟགས་འདོན་པ་ལེགས་གྲུབ་བྱུང་བ་དང་ཁྲིམས་ཁང་གིས་ཟླ་7ཚེས་25ཉིན་ཞུ་གཏུག་བྱས་ཉེས་ཀྱི་དཔང་རྟགས་ཚང་མ་གྲུབ་རྒྱུའི་ཁྲུན་ཐག་བཅད་པ་རེད། ལི་ཀྲི་དབྱིན་གྱིས་2024ལོའི་ཟླ་11ཚེས་20ཉིན་ཞུ་འབུལ་བྱེད་འགོ་བཙུགས་ནས་2025ལོའི་ཟླ་3པར་མཇུག་སྒྲིལ། 2025ལོའི་ཟླ་8ཚེས་18ཉིན་ནས་ཚེས་28ཉིན་བར་ཕྱོགས་ཁག་གིས་གྱོད་གཞི་མཇུག་སྒྲིལ་བའི་གཏམ་བཤད་སྤེལ་བ་རེད།