གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་15ཉིན། 14:22】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་13ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཀུའུ་ཐེ་ལེ་སིས་སུའུ་ཏན་ལྷོ་རྒྱུད་ཀྱི་ནན་ཁི་ཏུའོ་ཧྥན་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཁ་ཏུའུ་ཀེ་ལི་གྲོང་ཁྱེར་དུ་མི་མེད་གནམ་གྲུའི་འཇབ་རྒོལ་དོན་རྐྱེན་ཐོན་པའི་ཐད་གསལ་བསྒྲགས་སྤེལ་ནས། ད་ཐེངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ལ་དམིགས་པའི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་བ་རེད།
གསལ་བསྒྲགས་ནང་། མི་མེད་གནམ་གྲུ་ཞིག་གིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་གནས་སྐབས་བདེ་འཇགས་དཔུང་སྡེའི་(UNISFA)རྒྱབ་ཕྱོགས་མཁོ་སྒྲུབ་རྟེན་གཞིར་འཇབ་རྒོལ་བྱས་ནས། ཞི་བདེ་སྲུང་སྐྱོང་མི་སྣ་6རྐྱེན་ལམ་དུ་ཤོར་བ་དང་མི་8ལ་རྨས་སྐྱོན་ཕོག་ཡོད་པ་དང་། མི་སྣ་ཤི་བ་དང་རྨས་སྐྱོན་བྱུང་བ་ཚང་མ་བྷང་ག་ལའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་མི་སྣ་ཡིན་པ་རེད།
གསལ་བསྒྲགས་ནང་། ཀུའུ་ཐེ་ལེ་སིས་བྷང་ག་ལའི་སྲིད་གཞུང་དང་མི་དམངས་དང་དེ་བཞིན་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་ལ་མྱ་ངན་ཟབ་མོ་ཞུས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྨས་སྐྱོན་ཕོག་པར་དགོས་ངེས་ཀྱི་རྒྱབ་སྐྱོར་བྱས་པ་མ་ཟད། རྗེས་མཐུད་ཕྱིར་འཐེན་ལས་དོན་བཀོད་སྒྲིག་བྱེད་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།
གསལ་བསྒྲགས་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་མི་སྣའི་འཇབ་རྒོལ་ལ་དམིགས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་འོག་དམག་འཁྲུག་གི་ཉེས་གསོག་དུ་འགྱུར་སྲིད་པ་དང་། གདོང་ཐུག་ཕྱོགས་ཁག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་མི་སེར་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་ཅེས་ནན་བཤད་བྱས་ཡོད། འཇབ་རྒོལ་དེ་རིགས་ལ་“ལུགས་མཐུན་གྱི་རང་བཞིན་སྤུ་ཙམ་ཡང་མེད་”པས་ངེས་པར་དུ་དེའི་འགན་འཁྲི་བདའ་འདེད་བྱ་དགོས།