གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་12ཉིན། 13:50】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཅང་ཞིའི་ནན་ཁྲང་གྲོང་ཁྱེར་ཆིང་ཡུན་ཕུའུ་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་ཟླ་12ཚེས་10ཉིན་《ནན་ཁྲང་ཉིན་རེའི་ཚགས་པར་》དུ་《ལས་ཁུར་དགོངས་ཞུའི་འགྲོ་ལུགས་འགྲིམ་རྒྱུར་སྐུལ་འདེད་གཏོང་བའི་སྤྱི་བསྒྲགས་》འགྲེམས་སྤེལ་བྱས་པ་རེད།
སྤྱི་བསྒྲགས་ནང་བློ་མཐུན་ཁྲའེ་ཞའོ་ཞའོ་2025ལོའི་ཟླ་8ཚེས་18ཉིན་ནས་ཟླ་12ཚེས་8ཉིན་བར་གུང་གསེང་གི་སྙན་ཞུའི་འགྲོ་ལུགས་མ་འགྲིམས་པར་རང་དགར་ལས་གནས་ལས་བྲལ་བ་དང་བསྟུད་མར་ཉིན་15བརྒལ་ནས་ལས་ཀར་མ་ཡོང་བས། དེ་《བྱ་ལས་སྡེ་ཚན་གྱི་མི་དོན་དོ་དམ་སྲོལ་ཡིག་》ནང་གཏན་འབེབས་བྱས་པའི་གདན་ཞུའི་གན་རྒྱ་ཕྱིར་འཐེན་བྱེད་པའི་གནས་ཚུལ་དང་མཐུན་ཡོད་པ་རེད། “ཁྱེད་ལ་འབྲེལ་གཏུག་ཐེངས་མང་བྱས་ཀྱང་ཕན་གོ་མ་ཆོད་པ་མ་ཟད། དེའི་གོང་ལ་ཁྱེད་ཀྱིས་ལས་ཁུར་དགོངས་ཞུའི་རེ་བ་ཞུས་ཡོད་པས། ད་ལྟ་སྤྱི་བསྒྲགས་ཐོག་བརྡ་ཐོ་གཏོང་རྒྱུ་སྟེ། ཚགས་པར་མཐོང་བའི་ཉིན་ནས་བཟུང་འཕྲལ་དུ་ངེད་སྡེ་ཚན་དང་འབྲེལ་བ་བྱས་ནས་ལས་ཁུར་དགོངས་ཞུའི་འགྲོ་ལུགས་འགྲིམས་རྒྱུར་ཞོགས་འདེགས་གནང་རོགས། སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཉིན་ནས་ཉིན་15ནང་ཁྱེད་རང་སྔར་བཞིན་ལས་གནས་སུ་ཡོང་ནས་འབྲེལ་ཡོད་འགྲོ་ལུགས་མ་འགྲིམས་ན། ངེད་སྡེ་ཚན་གྱིས་ཁྲིམས་དང་གོ་རིམ་ལྟར་ཐག་གཅོད་བྱ་རྒྱུ་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་མཇུག་འབྲས་ཁྱེད་རང་ཉིད་ཀྱིས་འགན་འཁུར་དགོས། ”
ངོ་སྤྲོད་བྱས་པར་གཞིགས་ན། 《བྱ་ལས་སྡེ་ཚན་གྱི་མི་དོན་དོ་དམ་སྲོལ་ཡིག་》ནང་བྱ་ལས་སྡེ་ཚན་གྱི་ལས་དོན་མི་སྣས་བསྟུད་མར་ཉིན་15ལས་བརྒལ་ཏེ་ལས་ཀར་མ་ཡོང་བ་དང་། ཡང་ན་ལོ་གཅིག་ནང་རིམ་རྩིས་བརྒྱབ་ན་ལས་ཀའི་ཉིན་གྲངས་30ལས་བརྒལ་ཏེ་ལས་ཀར་མ་ཡོང་ན། བྱ་ལས་སྡེ་ཚན་གྱིས་གདན་ཞུའི་གན་རྒྱ་ཕྱིར་འཐེན་བྱས་ཆོག