གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་10ཉིན། 14:33】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
གཞན་རྒྱུ་ལ་སེམས་མ་ཆགས། རྐུ་འཕྲོག་བྱས་ན་འཛིན་ངེས། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ཀྱིས་“རྐུ་འཕྲོག་དང་མགོ་སྐོར་བསླུ་འཁྲིད་”སོགས་རྒྱུ་ནོར་ལ་བཙན་གནོད་ཐེབས་རིགས་ཀྱི་གྱོད་གཞིར་དམིགས་ནས། མི་དམངས་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་རྒྱུ་ནོར་བཙན་གནོད་རིགས་ཀྱི་དམངས་འཚོའི་གྱོད་གཞིར་རྒྱུན་མཐུད་ནས་གནོན་ཤུགས་ཆེན་པོ་སྤྲོད་པ་དང་བཟོད་སྒོམ་གཏན་ནས་མི་བྱ་བའི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་ཡག་པོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་སྤུས་ལེགས་ཚོང་གཉེར་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་ཡོད། ཉེ་ཆར་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ཀྱི་བདེ་སྐྱོང་རུ་ཁག་གིས་མགྱོགས་མྱུར་ངང་ཚུར་སྣང་དང་ནུས་པ་གནད་འཁེལ་བཏང་ནས་སྦག་སྦག་རྐུ་འཕྲོག་གྱོད་གཞི་1བདེ་བླག་ངང་རྩད་ཆོད་པ་དང་ཉེས་གསོག་དོགས་ཡོད་མི་སྣ་1འཛིན་བཟུང་བྱས་པ་རེད།

2025ལོའི་ཟླ་11ཚེས་25ཉིན་སྔ་དྲོའི་ཆུ་ཚོད་11ཙམ་ལ། རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ལ་མང་ཚོགས་ཚེ་ཆེ་གེ་མོའི་ཉེན་བརྡ་འབྱོར་ནས་ཁོང་གིས་ཨར་ཁང་ག་གེ་མོ་ཞིག་གི་ཉེ་འགྲམ་དུ་བཞག་པའི་སྦག་སྦག་བརྐུས་སོང་བ་བཤད་ཡོད་པ་རེད། ཉེན་བརྡ་འབྱོར་རྗེས། རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་བདེ་སྐྱོང་རུ་ཆེན་ལ་མགྱོགས་མྱུར་ངང་གྱོད་གཞི་མྱུལ་ཞིབ་བྱེད་དགོས་པའི་བཀའ་ཕབ། ཕྱོགས་གཅིག་ནས་ཡུལ་དངོས་ལ་རྩད་ཞིབ་ཞིབ་ཕྲ་བྱས་ནས་གྱོད་གཞི་བྱུང་བའི་མཐའ་འཁོར་ལ་རྩད་ཞིབ་དང་བཅར་འདྲི་བྱས་པ་དང་། ཕྱོགས་གཞན་ཞིག་ནས་མཐའ་འཁོར་གྱི་ལྟ་འཛིན་ནས་བརྙན་བསྡུ་ལེན་བྱས་ནས་ཉེས་གསོག་དོགས་ཡོད་མི་སྣའི་འགུལ་སྐྱོད་རྗེས་འདེད་བྱས། ཁུངས་སྣེ་ལ་ཞིབ་དཔྱད་བརྡར་གཅོད་བྱས་པ་བརྒྱུད། ཉེན་རྟོག་པས་མྱུར་དུ་དོགས་ཡོད་མི་སྣ་སྐལ་ཆེ་གེ་མོ་གཏན་འཁེལ་བྱས་པ་དང་། དེའི་རྗེས་འདེད་བྱས་པར་ཉིན་དེར་ལྷ་སའི་ཕྱོགས་སུ་བྲོས་བྱོལ་སོང་བ་ཤེས་རྟོགས་བྱུང་འཕྲལ་ཉེན་རྟོག་པས་མཚན་ལ་རྗེས་འདེད་བྱས་པས། ཟླ་11ཚེས་26ཉིན་སྔ་དྲོའི་ཆུ་ཚོད་9ཙམ་ལ། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་གྲོང་ཤར་ཞིབ་བཤེར་ས་ཚིགས་ཀྱི་གཞོགས་འདེགས་འོག ཉེན་རྟོག་པས་དོགས་ཡོད་མི་སྣ་སྐལ་ཆེ་གེ་མོ་བཟུང་ཐུབ་པ་རེད།

མིག་སྔར། ཉེས་གསོག་དོགས་ཡོད་མི་སྣ་སྐལ་ཆེ་གེ་མོ་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་ཉེས་དོན་ཉེན་རྟོག་རུ་ཁག་གིས་ཐག་གཅོད་བྱེད་བཞིན་ཡོད།