གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་10ཉིན། 14:28】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཐེ་རོན་ཕུའུ་ཡིས་དབྱིན་ཝེ་ཏཱ་ནས་ཀྲུང་གོར་ཉིང་ལྷེབ་H200བཙོངས་པའི་ཡོང་འབབ་ཀྱི་25%ཨ་རིའི་སྲིད་གཞུང་ལ་སྤྲོད་དགོས་ཟེར།
ཚེས་8ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས། དབྱིན་ཝེ་ཏ་ནས་ཀྲུང་གོར་“ཆོག་མཆན་ཐོབ་པའི་མཁོ་མཁན་ཚོར་”རིག་ནུས་བཅོས་མའི་ཉིང་ལྷེབ་H200ཕྱིར་ཚོང་ཆོག་པ་དང་ཉིང་ལྷེབ་ཕྱིར་ཚོང་ཡོང་འབབ་ཀྱི་25%ཨ་རིའི་སྲིད་གཞུང་ལ་སྤྲོད་རྒྱུར་མོས་མཐུན་ཡོད་ཅེས་བཤད་པ་རེད།
ཉིན་དེར་ཐེ་རོན་ཕུའུ་ཡིས་ཁོང་གི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། བྱ་ཐབས་དེ་ལས་ལས་ཞུགས་ལས་གནས་གཏོད་རྒྱུ་དང་མིས་བཟོས་རིག་ནུས་ཁྱབ་ཁོངས་སུ་ཨ་རིའི་སྔོན་ཐོན་གནས་བབ་རྒྱུན་འཁྱོངས་ཐུབ་རྒྱུ་རེད་ཅེས་བཤད་པ་རེད། ཐེ་རོན་ཕུའུ་ཡིས་ཨ་རིའི་ཚོང་དོན་པུའུ་ཡིས་ཞིབ་ཕྲའི་གནས་ཚུལ་གཏན་འཁེལ་བྱེད་བཞིན་ཡོད་པ་དང་བྱེད་སྟངས་དེ་དང་འདྲ་བའི་སྲིད་ཇུས་ཁྲའོ་ཝུའེ་འདྲེན་གཟུགས་ཕུང་གསུམ་ཀུང་སི(AMD)དང་། དབྱིན་ཐེར།དེ་བཞིན་ཨ་རིའི་ཀུང་སི་གཞན་དག་ཐོག་ཡང་དེ་ལྟར་སྤྱད་ཆོག་ཞེས་བཤད་པ་རེད།
“ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཨ་རིའི་ཉིང་ལྷེབ་ཐོན་ལས་འགྲན་རྩོད་ནང་ཞུགས་ཆོག་ཏུ་བཅུག་ནས། ཨ་རིའི་གླ་ཕོགས་མཐོ་བའི་ལས་ཞུགས་དང་བཟོ་སྐྲུན་ལས་རིགས་ལ་རྒྱབ་སྐྱོར་བྱེད་པར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན།” དབྱིན་ཝུའེ་ཏ་ཡི་མགྲིན་ཚབ་པས་གསལ་བསྒྲགས་ཤིག་ནང་“ཚོང་དོན་པུའུ་ཡིས་ཞིབ་བཤེར་ཆོག་མཆན་སྤྲད་པའི་ཚོང་ལས་མཁོ་མཁན་ལ་H200མཁོ་སྤྲོད་བྱ་རྒྱུ་དེ་ཨ་རིའི་ངོས་ནས་བརྗོད་ན་བྱ་བ་བཟང་པོ་ཞིག་རེད་”ཅེས་བཤད་ཡོད་པ་རེད།
ཨ་རིའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། H200ཉིང་ལྷེབ་ཀྱི་ནུས་པ་H20ལས་མཐོ་བ་ཡོད་མོད། འོན་ཀྱང་དབྱིན་ཝེ་ཏའི་མིག་སྔའི་ཆེས་མཐོ་བའི་ཐོན་རྫས་ཤིག་མིན། དབྱིན་ཝུའེ་ཏ་དང་ཁྲའོ་ཝུའེ་འདྲེན་གཟུགས་ཕུང་གསུམ་ཀུང་སིས་ཟླ་8པར་ཀྲུང་གོའི་ཁྲོམ་རར་ཕྱོགས་ནས་ཉིང་ལྷེབ་ཕྱིར་ཚོང་བྱས་པའི་ཡོང་འབབ་ཀྱི་15%ཨ་རིའི་སྲིད་གཞུང་ལ་སྤྲོད་རྒྱུ་དང་ཨ་རི་སྲིད་གཞུང་ནས་ཁེ་ལས་ཀྱིས་ཀྲུང་གོར་དམིགས་བསལ་གྱི་ཉིང་ལྷེབ་ཕྱིར་གཏོང་སླར་གསོ་བྱེད་པའི་ཆོག་མཆན་བརྗེ་རྒྱུའི་མོས་མཐུན་བྱས་པ་རེད།