གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་10ཉིན། 14:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་ཚོང་ཚོགས་ཀྱི་གདན་ཞུས་ལྟར། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཁེ་ལས་པའི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་ཟླ་12ཚེས་2ཉིན་ནས་ཚེས་6ཉིན་བར་ཨ་རིའི་ཝ་ཧྲེང་ཐོན་དང་། ཅིའུ་ཅིན་ཧྲན། ཨའོ་ཁེ་ལན་སོགས་སུ་འཚམས་འདྲིར་བསྐྱོད་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་ཚོང་དོན་གྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།
འཚམས་འདྲི་བྱེད་རིང་། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གིས་ཨའོ་ཁེ་ལན་གྲོང་ཁྱེར་སྲིད་གཞུང་དང་། ཨ་རིའི་ཚོང་ཚོགས། ཨ་ཀྲུང་ཚོང་དོན་ཨུ་ལྷན། ཨ་རིའི་གློག་འདྲེན་ཕྱེད་རྫས་ལས་རིགས་མཐུན་ཚོགས། ཨ་རིའི་ཚོང་དོན་ཨེ་ཤེ་ཡའི་ཚོགས་པ། ཨ་རིའི་ལྷོ་བྱང་དཀྱིལ་ཐིག་རྒྱལ་སྤྱིའི་ལྟེ་གནས། ཨ་རིའི་སྲན་ཆེན་ཕྱིར་གཏོང་མཐུན་ཚོགས་སོགས་དང་མཉམ་ལས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་བཟོ་ཚོང་འབྲེལ་མཐུད་བྱེད་སྒོ་ཐེངས་མང་སྤེལ་བ་དང་ཨ་རིའི་ཁེ་ལས་དང་སྒྲིག་གཞི་ཁག་170ལྷག་ཙམ་དང་གྲོས་བསྡུར་སྤེལ་རེས་བྱས་པ་རེད།
ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་རེན་ཧུང་པིན་གྱིས་ཨ་རིའི་ལས་རིགས་ཁག་ལ་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱེད་པའི་བྱེད་ཐབས་གསར་པ་ངོ་སྤྲོད་ཧུར་ཐག་བྱས་པ་དང་། ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་འགྲེམས་ཚོགས་སྐབས་བཞི་པའི་སྐོར་ངོ་སྤྲོད་བྱས་པ་མ་ཟད། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་དང་ཨ་རིའི་བཟོ་ཚོང་ལས་རིགས་ཀྱིས་དེ་བས་དགེ་མཚན་ལྡན་པའི་བྱ་སྤྱོད་ཐོག་ནས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་སྐུལ་འདེད་བཏང་སྟེ། ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།
ཨ་རིའི་བཟོ་ཚོང་ལས་རིགས་ཀྱི་མི་སྣས་ད་ཐེངས་ཀྱི་འཚམས་འདྲི་ལས་ཨ་ཀྲུང་གི་བཟོ་ཚོང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུའི་ངོས་འཛིན་རྒྱ་ཁྱབ་ཏུ་བྱས་པ་མ་ཟད། ཀྲུང་གོའི་ཁྲོམ་རར་མུ་མཐུད་རྩ་བ་བརྟན་པོ་བཙུགས་ནས་མ་འཇོག་རྒྱ་ཆེར་གཏོང་རྒྱུ་དང་འབྲེལ། ཨ་ཀྲུང་ཁེ་ལས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།