འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་9ཉིན།

༄༅།།ཕུའུ་ཅིང་གིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་གདེང་འཇོག་བྱས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་09ཉིན། 13:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཟླ་12ཚེས་8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

      རྒྱ་གར་ཡིད་ཆེས་ཚགས་པར་ཁང་གི་གསར་འགོད་པས་དྲིས་དོན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་གཟའ་འཁོར་གོང་མར་རྒྱ་གར་ལ་འཚམས་འདྲི་བྱས་པ་དང་ཕུའུ་ཅིང་གིས་ཙུང་ལི་མོ་ཏི་དང་གྲོས་མོལ་བྱས་པ་རེད། འགོ་ཁྲིད་པ་རྣམ་གཉིས་ཀྱིས་ཨུ་རུ་སུ་དང་རྒྱ་གར་གྱི་འབྲེལ་བར“དམིགས་བསལ་འཐབ་ཇུས་རོགས་ཟླའི་འབྲེལ་བ”ཞེས་བརྗོད་པ་དང་། ཕྱོགས་གཉིས་པོས་དཔལ་འབྱོར་མཉམ་ལས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་རབ་དང་རིམ་པར་མིང་རྟགས་བཀོད་པ་དང་། དམིགས་ཡུལ་ནི་2030ལོར་སླེབས་སྐབས་ཉོ་ཚོང་དང་དངུལ་འཇོག་གི་འབྲེལ་བ་སྣ་མང་ཅན་མངོན་འགྱུར་བྱ་རྒྱུ་དེ་རེད། གཞན་ཡང་། རྒྱལ་སྲུང་པུའུ་ཀྲང་གཉིས་ཀས་ཀྱང་ཐུག་འཕྲད་བྱས་ནས་དམག་དཔུང་གཉིས་བར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་བྱས་པ་རེད། རྒྱ་གར་དུ་འཚམས་འདྲིར་མ་ཕྱིན་གོང་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོ་དང་རྒྱ་གར་གཉིས་ཀ་ཨུ་རུ་སུའི་མཛའ་མཐུན་གྲོགས་པོ་ཡིན་པ་མ་ཟད། འབྲེལ་བ་དེ་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱི་ཡོད་ཅེས་བཤད་པ་དང་། ཁོང་གིས་ཀྲུང་གོ་དང་རྒྱ་གར་དབར་གྱི་འགོ་ཁྲིད་པས་ཀྲུང་གོ་དང་རྒྱ་གར་བར་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་གཞོལ་གྱི་ཡོད་པ་དང་། ཨུ་རུ་སུར་ཀྲུང་གོ་དང་རྒྱ་གར་བར་གྱི་ཕྱོགས་གཉིས་ཀྱི་ལས་དོན་ལ་ཐེ་གཏོགས་བྱེད་དབང་མེད་ཅེས་བཤད་པ་རེད། ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་འབྲེལ་བ་ཧ་ཅང་དམ་ཟབ་ཡིན་པས། ཕྱི་འབྲེལ་པུས་ཕུའུ་ཅིང་གི་འཚམས་འདྲི་དང་དེ་བཞིན་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་སྐོར་གྱི་དཔྱད་གཏམ་ལ་ལྟ་སྟངས་ཇི་ལྟར་འཛིན་གྱི་ཡོད་དམ།

     གོ་ཅ་ཁུན་གྱིས་བསྟན་དོན། ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་ནི་གསར་དར་དཔལ་འབྱོར་དངོས་ཚན་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་རེད། རྒྱལ་ཁབ་གསུམ་གྱིས་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གསུམ་གྱི་རང་ངོས་ཀྱི་ཁེ་ཕན་དང་མཐུན་པ་མ་ཟད། ས་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་། དར་རྒྱས་བཅས་ལ་ཡང་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་རྒྱ་གར་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད།

     གོ་ཅ་ཁུན་གྱིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་སྐོར་ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ལྟ་ཕྱོགས་ཐོག་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཐོབ་པ་དང་། ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་སྲུང་སྐྱོང་བྱ་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བཤད།