གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་08ཉིན། 17:31】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཕྱི་འབྲེལ་པུའི་མགྲིན་ཚབ་པས་ལྗར་པན་ཕྱོགས་ཀྱིས་ཀྲུང་གོའི་མཚོ་དམག་གྲུར་འབབ་གནམ་གྲུ་ཡིས་ལྗར་པན་རང་སྲུང་རུ་ཁག་གི་འཐབ་འཛིང་གནམ་གྲུ་ལ་“ལེ་ཏ་འོད་འཕྲོ་”ཐད་གསར་འགོད་པའི་དྲི་བར་ལན་བཏབ།
དྲི་བ། གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་7ཉིན་གྱི་ཐོ་རེངས་སུ་ལྗར་པན་འགོག་སྲུང་བློན་ཆེན་ཞའོ་ཆོན་ཅིན་ཚི་ལང་གིས་གནས་སྐབས་ཀྱི་གསར་འགོད་པའི་ཚོགས་འདུ་འཚོགས་ནས་ཀྲུང་གོའི་མཚོ་དམག་གི་གནམ་གྲུ་འབབ་འཕུར་གྲུ་གཟིངས་ལེའོ་ཉིང་གྲུ་གཟིངས་ཐོག་བླུགས་པའི་འཇོམས་-15དམག་འཐབ་རུ་ཁག་ཟླ་12ཚེས་6ཉིན་གྱི་ཕྱི་དྲོར་ཁྲུང་ཧྲེང་གླིང་ཕྲན་གྱི་ཤར་ལྷོའི་སྤྱི་པའི་རྒྱ་མཚོའི་མཁའ་དབྱིངས་སུ་ལྗར་པན་མཁའ་འགྲུལ་རང་སྲུང་རུ་ཁག་F-15དམག་འཐབ་རུ་ཁག་ལ་ལེ་ཏ་འཕྲོ་ཐེངས་གཉིས་བཏང་བ་དང་། དེ་ནི་“མཁའ་འགྲུལ་ཡོ་བྱད་བདེ་འཇགས་ངང་འཕུར་སྐྱོད་བྱེད་པའི་ཁྱབ་ཁོངས་ལས་བརྒལ་བའི་ཉེན་ཁ་ཆེ་བའི་བྱ་སྤྱོད་”ཡིན་ཚུལ་བཤད་པ་མ་ཟད། ད་དུང་ཀྲུང་གོ་ཕྱོགས་ལ་“རྒོལ་གཏམ་དྲག་པོ་”བཏང་ཡོད་ཅེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
དྲིས་ལན། ཀྲུང་གོའི་དམག་དཔུང་གིས་གནད་དོན་དེའི་ཐད་ལངས་ཕྱོགས་ནན་པོ་གསལ་བཤད་བྱས་ཡོད། དོན་དངོས་ཀྱི་གནས་ཚུལ་ངོ་མ་ཧ་ཅང་གསལ་པོ་ཡིན་པ་སྟེ། ལྗར་པན་གྱི་འཐབ་འཛིང་གནམ་གྲུས་ཀྲུང་གོའི་ཕྱོགས་ཀྱི་རྒྱུན་ལྡན་དམག་དོན་བྱེད་སྒོར་མྱུལ་ཞིབ་དང་འགལ་རྐྱེན་ཡང་ཡང་བཏང་ཡོད་པ་དེ་ནི་རྒྱ་མཚོ་དང་མཁའ་དབྱིངས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ཀྱི་འབྲེལ་གཏུག་བྱ་འདོད་ཟེར་བ་དང་ལེན་མི་བྱེད་པ་དང་ཡུལ་དངོས་ནས་ཕྱིར་སློག་བྱས་པ་མ་ཟད། པེ་ཅིན་དང་ཏུང་ཅིན་དུ་སོ་སོར་གྲོས་མོལ་ལ་ངོ་རྒོལ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།
མིག་སྔའི་དུས་བབ་འོག ལྗར་པན་ཕྱོགས་ཀྱིས“ལེ་ཏ་འོད་འཕྲོ་”གནད་དོན་ཟེར་བ་དེ་འུད་སྒྲོག་བྱེད་པ་དང་། དཀར་ནག་མགོ་རྟིང་སློག་པ་དང་མི་གཞན་ལ་སྐྱོན་འཛུགས་པ། ཛ་དྲག་གི་དུས་བབ་བཟོ་བ། རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་ནོར་ཐེབས་དུ་འཇུག་པ་སོགས་ནི་དམིགས་ཡུལ་གཞན་དག་བཅངས་ཡོད་པ་ཁོ་ཐག་ཡིན། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ང་ཚོས་ལྗར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རྒྱུན་ལྡན་གྱི་སྦྱོང་བརྡར་བྱེད་སྒོར་ཟིང་ཆ་བཟོ་བའི་ཉེན་ཁ་ཆེ་བའི་བྱ་སྤྱོད་འཕྲལ་མར་མཚམས་འཇོག་པ་དང་། འགན་མི་འཁུར་བའི་འུད་སྒྲོག་རྫུན་མ་དང་ཆབ་སྲིད་ཀྱི་ཇུས་ཐབས་མཐའ་དག་མཚམས་འཇོག་དགོས་པའི་སྐུལ་མ་དྲག་པོ་གཏོང་གི་ཡོད།