ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏུང་ཤིའུ་ཀྲུའུ། ཡའོ་པིན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་08ཉིན། 11:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གོང་གི་པར་འདི་གཉིས་ནི་ཨེ་ཅིབ་ཀྱི་སྨི་ནུའུ་ཕུའུ་ཞིང་ཆེན་དུ་གྲོང་མིས་བྱ་ཕྲུག་ལ་ལྟོ་སྟེར་བཞིན་པ།
“ཉིན་45ཡི་ནང་ཡོང་འབབ་མང་པོ་དེ་འདྲ་རག་པ་བསམ་པའི་ཡུལ་ལའང་མེད”ཅེས་ཨེ་ཅིབ་ཀྱི་ཞིང་པ་ཧ་སང་·མུའུ་ཧན་མོ་ཏེ·སའེ་དབྱི་ཏེས་གཟེངས་རྟགས་སྔོ་ནག་གཅིག་ལག་ཏུ་འཁྱེར་ནས་གདེང་ཚོད་ཆེན་པོས་བཤད།
ཉེ་ཆར། གསར་འགོད་པས་རེ་བ་གསར་པ་ཀུང་སིས་ཨེ་ཅིབ་ཁེ་རོར་འཚོགས་པའི“གྲོང་གསེབ་དར་རྒྱས་འཆར་གཞིའི”གླེང་སྟེགས་ཐོག“གསོ་ཚགས་མཁས་པ”དེ་མཐོང་། ཁོང་གི་གདེང་ཚོད་དེ་འདི་ལོའི་ཟླ་8པར་སྤེལ་བའི་ཀྲུང་གོ་དང་ཨེ་ཅིབ་ཀྱི“རེ་བ་གསར་པའི”གསོ་ཚགས་ལག་རྩལ་གསོ་སྦྱོང་རྣམ་གྲངས་ལས་བྱུང་བ་ཞིག་རེད། རྣམ་གྲངས་དེ་ཨེ་ཅིབ་རྒྱལ་ཡོངས་དམངས་ཁྲོད་བྱ་སྤྱོད་འཕེལ་རྒྱས་མནའ་འབྲེལ་དང་རེ་བ་གསར་པ་ཀུང་སིས་མཉམ་ལས་ལག་བསྟར་བྱས་པ་ཞིག་ཡིན་པ་དང་ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་དེ་བཞིན་ཨེ་ཅིབ་ཀྱི་འབྲེལ་ཡོད་སྒྲིག་གཞིའི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
སའེ་དབྱི་ཏེ་སྡོད་སའི་སྨི་ནུའུ་ཕུའུ་ཞིང་ཆེན་གྱི་སུའུ་པོ་ཁེ་ཨེ་ཧ་ཏེ་ནི་ཁག་དང་པོའི་རྣམ་གྲངས་ཀྱི་རོགས་སྐྱོར་གྲོང་ཚོའི་གྲས་ཤིག་ཡིན་ཞིང་། འདི་ལོའི་ཟླ་8པར་གསར་འགོད་པ་གྲོང་ཚོར་སྐྱོད་སྐབས་ས་ཕག་ཁང་པ་དང་གས་པའི་ཤིང་སྒོ དེ་བཞིན་བྱེ་རླུང་ཁྲོད་རྐང་རྗེན་དུ་རྒྱུག་བཞིན་པའི་བྱིས་པ་བཅས་མཐོང་ཞིང་། གྲོང་ཚོའི་ངལ་ནུས་ལྡན་པའི་སྐྱེས་པ་མང་ཆེ་བ་ཉེ་འགྲམ་གྲོང་ཁྱེར་དུ་ཉིན་གླ་རྒྱུག་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཡོང་འབབ་བརྟན་པོ་མེད། མཚམས་རེ་ཡོང་འབབ་མང་བའི་དུས་སུའང་ཨེ་ཅིབ་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་དམའ་བ་ཡོད་པ་རེད། བུད་མེད་རྣམས་ཁྱིམ་དུ་བསྡད་ནས་རྒན་རྒོན་དང་བྱིས་པར་ལྟ་རྟོག་བྱེད་ཀྱི་ཡོད།
སའེ་དབྱི་ཏེ་ནི་ཕྲུ་གུ་གསུམ་གྱི་ཨ་མ་ཡིན་པ་དང་ཉིན་45རིང་བྱ་ཕྲུག་གསོས་པའི་ཡོང་འབབ་དེས་ཁྱིམ་གྱི་ནང་མི་ལྔ་པོའི་ཟླ་བ་གཉིས་ཙམ་གྱི་འགྲོ་སོང་འདང་ཙམ་ཡོད།
“ཕྱུགས་རིགས་སྨན་པས་གཟའ་འཁོར་རེར་ང་ཚོ་དང་འབྲེལ་བ་བྱས་ནས་ཉིན་དང་པོ་ནས་བཟུང་ང་ཚོར་མཛུབ་ཁྲིད་ཧུར་ཐག་བྱས་བྱུང”ཞེས་སའེ་དབྱི་ཏེས་ཟླ་བརྒྱད་པར་བྱ་ཕྲུག་ཁག་དང་པོ་ཁྱིམ་དུ་བསྐྱལ་བའི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་དུ་བཤད། ཉིན་45ཙམ་ལ་སའེ་དབྱི་ཏེས་ཁྱིམ་བྱ་གསོ་ཚགས་ཀྱི་གཞི་རྩའི་ལག་རྩལ་ཁོང་དུ་ཆུད་པ་དང་། ཁག་དང་པོའི་བྱ་ཕྲུག་50གསོ་ཚགས་བྱས་ནས་བཤས་བཏང་བ་རེད།
སྨི་ནུའུ་ཕུའུ་ཞིང་ཆེན་གྱི་སྦྱོང་བརྡར་ནང་ཞུགས་མཁན་ཁག་དང་པོའི་ཞིང་པ100ཚང་མར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།
“འདི་ནི་གསོ་སྦྱོང་ཙམ་མ་ཟད། དེ་བས་ཐོན་ལས་འཁོར་སྦྲེལ་ཧྲིལ་པོ་ཅིག་བཙུགས་པ་ཞིག་ཡིན། རྣམ་གྲངས་དེ་བྱ་ཕྲུག་དང་། གཟན་ཆག སྨན་རྫས་བཅས་མཁོ་སྤྲོད་བྱེད་པ་ནས་ཕྱུགས་རིགས་སྨན་པའི་ཞབས་ཞུ་དང་ལག་རྩལ་མཛུབ་ཁྲིད། དེ་ནས་ཐོན་རྫས་ཕྱིར་ཚོང་སོགས་གལ་ཆེའི་ལྷུ་ཚིགས་མང་པོར་ཁྱབ་ཡོད”ཅེས་རེ་བ་གསར་པ་ཀུང་སིའི་ས་གནས་དེ་གའི་མཉམ་ལས་རོགས་ཟླའི་གྲས་ཤིག་ཡིན་པའི་ཨེ་ཅིབ་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱི་ཐཱ་ལི་ཁེ·ཧ་སང་·མུའུ་ཧན་མུའུ་ཏེ་ཡིས་གསར་འགོད་པར་བཤད།
ཨེ་ཅིབ་ཀྱི“བབ་ཆགས་པའི་འཚོ་བའི”གྲོས་འགོ་འདོན་མཁན་ཀྲུང་དབྱང་སྡེ་ཚན་གྱི་ཀྲུའུ་རེན་ཝ་ལོའོ·ཅཱ་ཏེ·ཁཱ་ལི་མུའུ་ཡིས། ཨེ་ཅིབ་ཀྱིས་ཀྲུང་གོར་མི་སྣ་མངགས་ནས་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་དང་ལྷག་དོན་དུ་དབུལ་སྒྲོལ་དང་གྲོང་གསེབ་ཕྱོགས་སྒྱུར་ཐད་ཀྱི་ཉམས་མྱོང་སློབ་སྦྱོང་བྱེད་པར་བཏང་བ་ཡིན། སང་ལོ་ནི་ཀྲུང་གོ་དང་ཨེ་ཅིབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ཞེས་བརྗོད་པ་དང་། ཁཱ་ལི་མུའུ་ཡིས་ཁོང་ལ་ཕུགས་འདུན་ཆེན་པོ་ཞིག་ཡོད་པ་ནི། མཉམ་ལས་དེ་གྲོང་ཚོ་70ལ་ཁྱབ་པར་བྱས་ནས“གྲོང་གསེབ་དར་རྒྱས་ཐད་ཀྱི་ཀྲུང་གོའི་ཕུལ་བྱུང་ཉམས་མྱོང་ཨེ་ཅིབ་ཏུ་ནང་འདྲེན་བྱེད་ཀྱི་ཡིན”ཞེས་བརྗོད།
བྱ་ཕྲུག་50ནས་གྲོང་ཚོ་70བར་གྱི་འདུན་པ་དང་། བུད་མེད་ཞིག་རང་ཁ་རང་གསོ་ནས་གྲོང་གསེབ་དེ་བས་མང་བ་དར་རྒྱས་གོང་འཕེལ་བར་ཀྲུང་གོའི་ཉམས་མྱོང་དེ་ཨེ་ཅིབ་ཀྱི་ས་ཆའི་ཐོག་རིམ་བཞིན་ཁྱབ་བཞིན་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་ཁེ་རོ་ནས་འབྱོར་པའི་གློག་འཕྲིན།