གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་05ཉིན། 15:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་12ཚེས་2ཉིན་ཨ་རིའི་“འཐབ་ཁུལ་”དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་སྲུང་པུའུ་ཡིས་འཆར་གཞི་གསར་པ་ཞིག་སྤེལ་འགོ་ཚུགས་ནས། འབྱུང་འགྱུར་ལོ་གཉིས་ནང་ཨ་སྒོར་དུང་ཕྱུར་10བཏང་ནས་དམག་ཕྱོགས་ལ་“མགྱོགས་མྱུར་དང་མ་གནས་དམའ་བའི་”རང་སྲོག་གཅོད་བྱེད་རང་བཞིན་གྱི་མི་མེད་གནམ་གྲུ་ཁྲི་30ལྷག་ཙམ་ཉོ་སྒྲུབ་བྱ་རྒྱུ་ཡིན་པ་རེད། འདི་ནི་ཨ་རིས་རིན་གོང་དམའ་བའི་མི་མེད་སྒྲིག་ཆས་སྤྱད་དེ་དེང་རབས་དམག་འཁྲུག་གི་བྱ་སྤྱོད་མགྱོགས་མྱུར་སྤེལ་ཆེད་སྤྱད་པའི་བྱེད་ཐབས་གསར་ཤོས་ཤིག་རེད། ཚེས་3ཉིན་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཕི་ཐེ·ཧོ་ཀེ་སའེ་སིས་ཟུར་ལྔ་ཐོག་ཁང་གིས་དམག་ཕྱོགས་ལ་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ་ཆུང་གྲས་ཁྲི་10ཉོ་རྒྱུ་ཡིན་ཞེས་བཤད་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། འཆར་གཞི་དེའི་མིང་ལ་“མི་མེད་གནམ་གྲུ་ལེགས་ཆའི་འཆར་གཞི་”ཟེར་བ་དང་2026ལོའི་ལོ་འགོར་འགོ་འཛུགས་རྒྱུ་ཡིན་པ་དང་། ཟུར་ལྔ་ཐོག་ཁང་གིས་ལོ་གཉིས་ནང་དུས་མཚམས་བཞིར་བགོས་ནས་ལས་རིགས་ཁག་ལ་ཨ་སྒོར་དུང་ཕྱུར་10མཁོ་འདོན་བྱས་ནས་ཕྱོགས་རྐྱང་ཕར་རྒོལ་གྱི་ལས་འགན་སྒྲུབ་ཐུབ་པའི་མི་མེད་གནམ་གྲུ་ཆུང་གྲས་འབོར་ཆེན་ཐོན་སྐྱེད་བྱེད་པར་སྤྱོད་རྒྱུ་ཡིན་པ་རེད།
དུས་མཚམས་དང་པོ་ལ་“འགྲན་སློང་དུས་རིམ་”ཟེར་ཞིང་2026ལོའི་ཟླ་2པ་ནས་2026ལོའི་ཟླ་7པའི་བར་རྒྱུན་མཐུད་བྱ་རྒྱུ་དང་། དེའི་རིང་མཁོ་འདོན་ཚོང་པ་12ཀྱིས་ཐུན་མོང་ཐོག་མི་མེད་གནམ་གྲུ་ཐོན་སྐྱེད་བྱ་རྒྱུ་ཡིན་པ་དང་། གནམ་གྲུ་རེའི་མ་གནས་ཨ་སྒོར་5000ཡིན་པ་རེད། དེ་རྗེས་ཀྱི་དུས་མཚམས་གསུམ་གྱི་ནང་མཁོ་འདོན་ཚོང་པའི་གྲངས་འབོར་ཐོག་མའི་12ནས་མཐར་5ལས་མེད་པ་བྱ་རྒྱུ་དང་། འཕྲུལ་ཆས་རྐྱང་བའི་མ་གནས་ཨ་སྒོར་5000ནས་ཨ་སྒོར་2300བར་ཆག་རྒྱུ་ཡིན་པ་རེད། འཆར་གཞི་དེ་བརྒྱུད་མཁོ་འདོན་ཚོང་པས་ལོ་གཉིས་ནང་ཨ་རིའི་དམག་དཔུང་ལ་མི་མེད་གནམ་གྲུ་ཆུང་གྲས་ཁྲི་34ཙམ་བཟོ་སྐྲུན་བྱ་རྒྱུ་ཡིན་པ་རེད།
ཨ་རིའི་རྒྱལ་སྲུང་པུའུ་ཡིས་གོང་གསལ་གྱི་འཆར་གཞི་ནི་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧོ་ཀེ་སའེ་སིས་ད་ལོའི་ཟླ་7པར་མིང་རྟགས་བཀོད་པའི་དྲན་ཐོར་དོན་འཁྱོལ་བྱས་པ་ཞིག་ཡིན་ཞེས་བཤད་པ་རེད། དྲན་ཐོ་དེའི་ནང་རྒྱལ་སྲུང་པུའི་མི་མེད་གནམ་གྲུ་ཉོ་སྒྲུབ་དང་བེད་སྤྱོད་བྱེད་སྟངས་ལ་སྒྱུར་བཅོས་གལ་ཆེན་བྱས་ནས་དམག་ཕྱོགས་ཀྱི་ཉོ་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་ཨ་རིའི་མི་མེད་གནམ་གྲུ་བཟོ་སྐྲུན་ལས་རིགས་ཆེ་རུ་གཏོང་བ་བརྒྱུད་ཟུར་ལྔའི་ཐོག་ཁང་གི་རིན་གོང་ཁེ་བའི་ཕར་རྒོལ་མི་མེད་གནམ་གྲུ་ཆུང་གྲས་ཀྱི་མཛོད་ཉར་མགྱོགས་མྱུར་རྒྱ་ཆེར་གཏོང་རྒྱུའི་དབང་ཆ་སྤྲད་པ་རེད།
ད་ལོའི་ཟླ་6པར། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་“ཨ་རིའི་མི་མེད་གནམ་གྲུའི་ལེགས་ཆ་གློད་གྲོལ་”སྲིད་འཛིན་བཀའ་རྒྱའི་ཐོག་མིང་རྟགས་བཀོད་ནས་ཚོང་ལས་དང་དམག་དོན་ཁྱབ་ཁོངས་སུ་ཨ་རིའི་མི་མེད་གནམ་གྲུའི་སྟོབས་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་ཡིན་པ་དེའི་ནང་། ཨ་རིའི་དམག་དཔུང་ལ་མ་གནས་དམའ་བ་དང་ཨ་རིས་བཟོས་པའི་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ་འབོར་ཆེན་མཁོ་འདོན་བྱས་ནས་དམག་འཐབ་ནུས་པ་ཆེ་རུ་གཏོང་རྒྱུ་ཚུད་ཡོད་ཅེས་ཁ་གསལ་བཏོན་ཡོད་པ་རེད།
《ཧྭ་ཨེར་ཁྲོམ་གཞུང་ཉིན་རེའི་ཚགས་པར་》སོགས་སྨྱན་སྦྱོར་མང་པོས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་3ཉིན་ཨ་རིའི་ཀྲུང་དབྱང་སི་ལིང་པུའུ་ཡིས་དབུས་ཤར་ས་ཁུལ་དུ་ཕྱོགས་རྐྱང་ཕར་རྒོལ་བྱེད་པའི་མི་མེད་གནམ་གྲུའི་རུ་ཁག་དང་པོ་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་ཨ་རིའི་དམག་དཔུང་གི་རང་སྲོག་གཅོད་བྱེད་རང་བཞིན་གྱི་མི་མེད་གནམ་གྲུའི་ཚན་པ་དང་པོ་དེ་རེད།