གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་03ཉིན། 14:27】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཉེ་ཆར། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས་ནས་ལོ་ན་མ་སོན་པའི་མིར་གློག་རྡུལ་ཐ་མག་ཐོན་རྫས་བཙོངས་པའི་གྱོད་གཞི་ཞིག་རྩད་ཆོད།
ལྷ་ས་གྲོང་ཁྱེར་རྡོ་ཐའི་ཆེད་འཚོང་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ཐེར་འདོན་བྱས་པ་གཞིར་བཟུང་། མངའ་ཁོངས་ནང་གི་གློག་རྡུལ་ཐ་མག་ཆེད་གཉེར་ཚོང་ཁང་ག་གེ་མོ་ཞིག་ཏུ་སོང་ནས་ཁུངས་སྣེ་ཞིབ་དཔྱད་བྱས་པ་དང་། ཡུལ་དངོས་ནས་ཞིབ་བཤེར་དང་། ཕྱིར་འཚོང་གི་ཟིན་ཐོ་ལེན་པ། དོ་བདག་ལ་འདྲི་རྩད་བྱེད་པ་དང་འབྲེལ་ཡོད་ལོ་ན་མ་སོན་པའི་མི་དང་དེའི་ལྟ་སྐྱོང་པར་གནས་ཚུལ་ཞིབ་དཔྱད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། མགྱོགས་མྱུར་དང་ཡང་དག་པའི་སྒོ་ནས་འབྲེལ་ཡོད་དཔང་རྟགས་སྲུང་ཡོད། བརྟག་དཔྱད་བྱས་པ་བརྒྱུད། གློག་རྡུལ་ཐ་མག་སིལ་ཚོང་དུད་ཚང་དེར་སྔོན་ཆད་ཁྲིམས་འགལ་གྱི་གཉེར་སྐྱོང་ཟིན་ཐོ་མེད་མོད། ད་ཐེངས་སྟབས་ལེགས་ཀྱི་བསམ་པ་བཅངས་པ་དང་། གློག་རྡུལ་ཐ་མག་གིས་ལོ་ན་མ་སོན་པའི་མིའི་ལུས་སེམས་ལ་གནོད་པ་གཏོང་བ་སྣང་མེད་དུ་བཞག་སྟེ། ཁེ་སྤོགས་ཆུང་ཆུང་ཐོབ་ཆེད་“ཁྲིམས་ཀྱི་དྲ་བ་”ལ་ཕོག་ཐུག་བཟོས་ནས་ལོ་ན་མ་སོན་པའི་མིར་གློག་རྡུལ་ཐ་མག་དབྱུག་པ་1དང་། ཐ་མག་སྒམ་1བཙོངས་པས། དེ་ནི་ལོ་ན་མ་སོན་པའི་མིར་གློག་རྡུལ་ཐ་མག་ཐོན་རྫས་བཙོངས་པའི་ཁྲིམས་འགལ་བྱ་སྤྱོད་ལ་གྲུབ།

ཁྲིམས་འཛིན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། 《ལོ་ན་མ་སོན་པའི་མིར་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་བརྒྱ་དང་ཉེར་གསུམ་པའི་གཏན་འབེབས་ལྟར་ན། འབྲེལ་ཡོད་གཉེར་སྐྱོང་པས་བཅའ་ཁྲིམས་འདིའི་དོན་ཚན་ང་བརྒྱད་དང་། དོན་ཚན་ང་དགུ་པའི་ནང་གསེས་དོན་ཚན་དང་པོ། དོན་ཚན་དྲུག་ཅུ་པའི་གཏན་འབེབས་བཅས་དང་འགལ་ན། རིག་གནས་དང་ཡུལ་སྐོར་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། རྡོ་ཐའི་ཆེད་འཚོང་། སྤྱི་བདེ་སོགས་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་པ་དང་། ཉེན་བརྡ་གཏོང་བ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ་དང་ཆབས་ཅིག་དངུལ་ཆད་སྒོར་ཁྲི་ལྔ་མན་བཅད་ཆོག ཡོ་བསྲང་མ་བྱས་པའམ་ཡང་ན་གནས་ཚུལ་ཚབས་ཆེ་རིགས་ལ། ལས་ཀ་མཚམས་འཇོག་བཅོས་སྒྲིག་བྱེད་དུ་འཇུག་པའམ་ཡང་ན་ཚོང་གཉེར་ལག་ཁྱེར་དང་འབྲེལ་ཡོད་ཆོག་འཐུས་ལག་ཁྱེར་ཕྱིར་འཐེན་བྱེད་པ་དང་ཆབས་ཅིག དངུལ་ཆད་སྒོར་ཁྲི་ལྔ་ཡན་ནས་སྒོར་འབུམ་ལྔ་མན་བར་བཅད་ཆོག ལྷ་ས་གྲོང་ཁྱེར་རྡོ་ཐའི་ཆེད་འཚོང་ཅུས་ཀྱིས་ཁྲིམས་ལྟར་བརྟག་དཔྱད་ཞིབ་གཅོད་བྱས་པ་བརྒྱུད། དོ་བདག་གིས་ཁྲིམས་འགལ་ཕྱིར་ཚོང་ཐོབ་པའི་སྒོར་317ལོ་ན་མ་སོན་པའི་ཁྱིམ་བདག་ལ་ཕྱིར་སྤྲད་པ་མ་ཟད། དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་དང་དངུལ་ཆད་སྒོར་8000བཅད་པ་རེད།
ལྷ་ས་གྲོང་ཁྱེར་རྡོ་ཐའི་ཆེད་འཚོང་ཅུས་ཀྱིས་རྒྱ་ཆེའི་ཁྱིམ་བདག་དང་དགེ་རྒན་གྲོགས་པོ་རྣམས་ལ་གལ་ཏེ་ལོ་ན་མ་སོན་པའི་མི་ལ་ཐ་མག་དང་གློག་རྡུལ་ཐ་མག་བཙོངས་པའི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་12313ལ་ཁ་པར་བཏང་ནས་ཐེར་འདོན་བྱས་ཏེ་ཐུན་མོང་ཐོག་ལོ་ན་མ་སོན་པའི་མིར་དུ་བ་མེད་པའི་ལང་ཚོ་ཞིག་ཡོང་ཐུབ་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།