གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་03ཉིན། 14:25】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

ལྗར་པན་ཐུན་མོང་གསར་འགྱུར་ཁང་གིས་ཟླ་12ཚེས་2ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། གསར་འགྱུར་མི་སྣས་ལྗར་པན་གྱི་ཏང་ཤོག་ལས་བརྒལ་བའི་རྩ་འཛུགས་“ལྗར་པན་དང་ཀྲུང་གོ་མཛའ་གྲོགས་གྲོས་མིའི་མནའ་འབྲེལ་”གྱིས་ཀྲུང་གོ་ཕྱོགས་ལ་འདི་ལོའི་ནང་གྲོས་མིའི་ཚོགས་པ་ཀྲུང་གོར་འཚམས་འདྲིར་མངགས་རྒྱུའི་རེ་བ་བཏོན་པ་བརྒྱུད་བསྒྲགས་བྱས་ཡོད་པ་རེད། གཞན་ཡང་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་ཤས་གོང་ལྗར་པན་དཔལ་འབྱོར་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐུང་ཅིང་དབྱི་ཤིན་གྱིས་ཀྱང་ཀྲུང་གོ་ཕྱོགས་ལ་ཚོགས་པ་ཀྲུང་གོར་འཚམས་འདྲིར་མངགས་རྒྱུའི་རེ་བ་བཏོན་པ་བརྒྱུད་བསྒྲགས་བྱས་པ་རེད། གནས་འཕྲིན་སྤེལ་བར་གཞིགས་ན། ཚོགས་པ་དེ་གཉིས་ཀྱིས་ཀྲུང་གོར་འཚམས་འདྲིར་ཡོང་རེ་ཞུས་པའི་རྒྱབ་ལྗོངས་ནི་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡི་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ནོར་འཁྲུལ་གྱི་གཏམ་བརྗོད་ལས་ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བ་མགྱོགས་མྱུར་ཇེ་སྡུག་ཏུ་ཕྱིན་ཡོད་པ་དེ་རེད།
གོང་གསལ་གྱི་གནས་ཚུལ་སྐོར་ལ་ཟླ་12ཚེས་2ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་འཆར་ཅན་གསར་འགོད་པའི་ཚོགས་འདུ་འཚོགས་པའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་“ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་འགྲུལ་ལམ་བཀོད་སྒྲིག་བྱེད་སྲིད་དམ་”ཞེས་པའི་ལྗར་པན་སྨྱན་སྦྱོར་གྱི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ང་ཚོས་གོང་གསལ་གྱི་གནས་ཚུལ་ལ་དོ་སྣང་བྱས་ཡོད་ལ། ལྗར་པན་རྒྱལ་ནང་གི་ཤེས་ཡོན་ཅན་མང་པོ་ཞིག་གིས་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ཀའོ་ཧྲི་ཡི་ནོར་འཁྲུལ་གྱི་གཏམ་བཤད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་དང་མཇུག་འབྲས་ཚབས་ཆེན་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་ཡང་དོ་སྣང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ལ་ནོར་འཁྲུལ་ལ་བསམ་ཞིབ་དང་ཡོ་བསྲང་བྱེད་པ་དང་། དབུ་བཞུགས་བློན་ཆེན་ཀའོ་ཧྲིའི་ནོར་འཁྲུལ་གྱི་གཏམ་བརྗོད་ཕྱིར་འཐེན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་དམངས་ཀྱི་བརྩེ་དུང་ལ་གནོད་འཚེ་གཏོང་མཚམས་འཇོག་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོར་ཆབ་སྲིད་ཀྱི་ཁས་ལེན་མཚོན་པ་བཅས་བྱས་ནས་ཀྲུང་གོ་དང་ལྗར་པན་གྱི་རྒྱུན་ལྡན་སྤེལ་རེས་ལ་ཆ་རྐྱེན་དགོས་ངེས་བསྐྲུན་དགོས་པའི་སྐུལ་མ་གཏོང་གི་ཡོད། ལྗར་པན་གྱི་འབྲེལ་ཡོད་ཚོགས་པས་རི་པིན་རྒྱལ་ནང་དུ་དགེ་མཚན་ལྡན་པའི་ནུས་པ་མང་པོ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།