འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་2ཉིན།

༄༅།།བོད་ལྗོངས་སུ་རིག་དངོས་3346གསར་རྙེད་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་02ཉིན། 14:33】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉེ་ཆར་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། བོད་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་དུས་མཚམས་གཉིས་པའི་ལས་དོན་རིང་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གིས་རྫོང་ཁོངས་ཚན་པར་བྱས་ནས་ཡུལ་དངོས་བརྟག་དཔྱད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད་པ་རེད། མིག་སྔའི་བར་ལྗོངས་ཡོངས་ཀྱིས་བརྟག་དཔྱད་བྱས་པ་ལས་རིག་དངོས་3346གསར་དུ་ཤེས་རྟོགས་བྱུང་བ་དང་། འཕར་ཚད་78.2%ཟིན་ཡོད།

     གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོའི་ཟླ་4པར་བོད་ལྗོངས་ཀྱིས་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཚོད་ལྟའི་ལས་དོན་ཐེངས་བཞི་པ་དངོས་སུ་སྤེལ་འགོ་ཚུགས་པ་ནས་མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱིས་བརྟག་དཔྱད་བྱས་པའི་དངོས་ཡོད་རིག་དངོས་ཐོན་ཁུངས་ཀྱི་བསྡོམས་འབོར་7623ཟིན་པ་དང་། དེའི་ནང་གི་“ཡོངས་ཁྱབ་ཞིབ་བཤེར་གསུམ་པའི་”རིག་དངོས་བསྐྱར་བཤེར་ལས་དོན་4277ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་རེད།

     བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་བྱེད་རིང་རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པའི་ཡོངས་ཁྱབ་ཞིབ་བཤེར་ཚན་པ་ཚང་མར་རིག་དངོས་གསར་པ་རྙེད་ཡོད་པ་རེད། དེའི་ནང་གཞིས་ཀ་རྩེ་དང་། ལྷོ་ཁ། མངའ་རིས་བཅས་སུ་གསར་དུ་རྙེད་པའི་རིག་དངོས་500ལྷག་ཙམ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5303.8ཡོད་པའི་གཞིས་ཀ་རྩེ་གྲོང་ཁྱེར་ས་དགའ་རྫོང་གི་བྲག་རིས་དེ་རྒྱལ་ཡོངས་ཀྱི་གསར་དུ་རྙེད་པའི་རིག་གནས་ཤུལ་བཞག་ནང་གི་མཚོ་འཕགས་མཐོ་ཤོས་རེད།

     གསར་དུ་རྙེད་པའི་རིག་དངོས་རིགས་ནང་གནའ་བོའི་རིག་གནས་རྗེས་ཤུལ་དང་། གནའ་བོའི་བང་སོ། གནའ་བོའི་འཛུགས་སྐྲུན། བྲག་ཕུག་དགོན་སྡེ། རྡོ་བརྐོས་དང་དེ་བཞིན་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་གལ་ཆེན་དང་མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་སོགས་ཚུད་ཡོད་པ་རེད། དེའི་ནང་གཙོ་གནད་ཁྱབ་ཁོངས་ཀྱི་བརྟག་དཔྱད་དེ་གྲོང་ཁྱེར་གྲགས་ཅན་དང་། གྲོང་རྡལ་གྲགས་ཅན། གྲོང་ཚོ་གྲགས་ཅན་དང་། ལོ་རྒྱུས་རིག་གནས་ཁྲོམ་གཞུང་། སྲོལ་རྒྱུན་གྲོང་ཚོ། བཟོ་ལས་རིགས་ཀྱི་རིག་དངོས་ཐོན་ཁུངས། དེ་བཞིན་མཚོན་བྱེད་རང་བཞིན་དང་མཚོན་རྟགས་རང་བཞིན་ལྡན་པའི་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོའི་ཁང་སོགས་དང་འབྲེལ་བ་ཡོད་པ་རེད།

     གཞན་ཡང་རྒྱལ་ཁབ་རིག་གནས་ཤུལ་བཞག་ཅུས་ཀྱི་ཆེད་དོན་བཀོད་སྒྲིག་གཞིར་བཟུང་ད་ཐེངས་ཀྱི་ཡུལ་དངོས་བརྟག་དཔྱད་བྱེད་རིང་བོད་ལྗོངས་ཀྱིས་ད་དུང་མཐའ་མཚམས་རྫོང་21ལ་ཆེད་དོན་བརྟག་དཔྱད་སྒྲིག་འཛུགས་བྱས་ནས་རིག་གནས་ཤུལ་བཞག་གནས་ཡུལ་1149ལ་བསྐྱར་ཞིབ་བྱས་པ་དེའི་ནང་ས་སྲུང་མཐའ་སྲུང་གི་རྗེས་ཤུལ་254གསར་རྙེད་ཁོངས་སུ་བཅུག་པས་མཐའ་མཚམས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་མངའ་ཁོངས་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུར་དངོས་པོའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་བོད་ལྗོངས་ཀྱི་རིམ་ཁག་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོ་ཆུང་གིས་ད་དུང་གྲོང་ཁྱེར་རྙིང་པར་གསར་རྙེད་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ཁུངས་དཀར་ཆག་ངོས་འཛིན་ཡོངས་བསྒྲགས་དང་ལེགས་འཛུགས་སོགས་ཀྱི་ལས་དོན་ལེགས་པོར་སྒྲུབ་རྒྱུ་ཡིན། དེ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་དགུ་པ་གདམ་གསེས་རེ་ཞུ་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་ཀྱི་སྤོ་འགུལ་མི་རུང་བའི་རིག་དངོས་ཐོན་ཁུངས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་རྒྱ་སྐྱེད་གཏོང་རྒྱུ་རེད།