གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་25ཉིན། 14:29】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
དོན་དངོས་རྟོག་བཟོ་བྱས་ནས་སྤྱི་པའི་སྒྲིག་ལམ་དཀྲོག་པའི་གྱོད་གཞི་ཞིག་ཉེ་ཆར་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་རོག་ཡན་ལག་ཅུས་ཀྱིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
དོན་རྐྱེན་གྱི་རྒྱུད་རིམ་ནི། ཉིན་ཤས་གོང་ཁ་རོག་སྤྱི་བདེ་མི་སྣས་ལས་ཀའི་ཁྲོད་དུ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཞིག་གིས་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུའི་ཐོག་“ཁ་རོག་ཁུལ་གྱི་ས་ཆ་ག་གེ་མོ་ཞིག་ཏུ་མི་ཞིག་གིས་འཁྱགས་འཁོར་བཏང་ནས་སློབ་གྲྭའི་ཉེ་འགྲམ་དུ་བསྐོར་སྐྱོད་བྱེད་བཞིན་ཡོད་པ་དང་། དེའི་འགྲམ་དུ་སོང་ན་འཁྱགས་འཁོར་གྱིས་གཡོལ་ནས་འགྲོ་གིན་ཡོད་པས་ཁྱིམ་དུ་ཕྲུ་གུ་ཡོད་མཁན་ཚོས་མཉམ་འཇོག་གནང་རོགས་”ཞེས་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་ཤེས་རྟོགས་བྱུང་། ཞིབ་དཔྱད་བྱས་པ་བརྒྱུད། ཆ་འཕྲིན་དེ་ནི་དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་ཡིན་པས། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དྲ་དམངས་དེར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
ཤུགས་རྐྱེན་ངན་པ་མེད་པར་བཟོ་བ་དང་སྤྱི་དམངས་ལ་ཉེན་བརྡ་གཏོང་ཆེད། དྲ་དམངས་དེས་ལྷག་བསམ་ཟོལ་མེད་ཀྱི་དགོངས་དག་ཞུ་བའི་བརྙན་ལམ་ཕབ་ལེན་བྱས་པ་མ་ཟད། བསླབ་བྱ་གཏིང་ཟབ་བླངས་ནས་ར་སྤྲོད་མ་བྱས་པའི་ཆ་འཕྲིན་གང་རུང་ལ་ཡིད་ཆེས་སླ་མོ་དང་ཁྱབ་སྤེལ་བྱ་རྒྱུ་མིན་ཞེས་བཤད་པ་རེད།
ཁ་རོག་སྤྱི་བདེས་གྱོད་དོན་འདིར་བརྟེན་ནས་རྒྱ་ཆེའི་དྲ་དམངས་ལ་དྲན་སྐུལ་བྱས་གསལ་དུ།
དྲ་རྒྱ་ནི་ཁྲིམས་ཁོངས་སུ་མ་ཚུད་པ་མ་ཡིན་པས། སྤྱི་དམངས་ཚང་མས་རང་ཉིད་ཀྱི་གཏམ་སྤྱོད་ལ་འགན་འཁུར་དགོས། དཀྲོག་གཏམ་རྫུན་བཟོ་དང་། ཁྱབ་སྤེལ། བརྒྱུད་གྲགས་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པའི་ཁྲིམས་འགལ་བྱ་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་ལས་བཟོད་སྒོམ་གཏན་ནས་མི་བྱེད། རྒྱ་ཆེའི་དྲ་དམངས་ཀྱིས་དཀྲོག་གཏམ་མི་སྤེལ་བ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་ཁྱབ་སྤེལ་མི་བྱེད་པ། རང་རྟོགས་ངང་དྲ་རྒྱའི་དཀྲོག་གཏམ་བཀག་འགོག་བྱས་ཏེ་དྭངས་གསལ་དང་འཆམ་མཐུན་གྱི་དྲ་རྒྱའི་ཁོར་ཡུག་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།