གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་24ཉིན། 15:19】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
མཚོ་སྔོན་ཡུལ་ཤུལ་གྱི་ཨ་ཆེན་གངས་རྒྱབ་ཀྱི་སྤྱི་བདེས་གནས་འདིར་འཛུལ་མཁན་ཁྲིམས་འགལ་བ་21རྩད་ཆོད་པ།
ཟླ་11ཚེས་20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱི་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཅུས་དེས་ཉིན་ཤས་གོང་ཆེད་དོན་སྐོར་གཡེང་གི་ཁྲིམས་འཛིན་བྱ་སྤྱོད་སྤེལ་རིང་རང་སྣང་གང་འདོད་དུ་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དུ་འཛུལ་བའི་ཁྲིམས་འགལ་རླངས་འཁོར་རུ་ཁག་ཁག་གཉིས་རྩད་ཆོད་པ་དང་། ཁྲིམས་འགལ་བ་མི་21དང་རླངས་འཁོར་9རྩད་ཆོད་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་འཇིགས་སྐུལ་ནན་པོར་བྱས་པ་རེད།

ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་དེ་ཅུས་དེའི་གྱོད་གཞི་མྱུལ་ཞིབ་རུ་ཆེན་རིམ་པ་དང་པོའི་ཉེན་རྟོག་དཔོན་ཀྲན་ཅང་ལུང་གིས་སྣེ་ཁྲིད་དང་མི་དམངས་ཉེན་རྟོག་པ་7ལས་གྲུབ་པའི་སྐོར་གཡེང་ཁྲིམས་འཛིན་རུ་ཁག་གིས་ཟླ་10ཚེས་30ཉིན་ཨ་ཆེན་གངས་རྒྱབ་ཀྱི་དབུས་ཁུལ་དུ་བསྐྱོད་དེ་མཚོ་སྔོན་དང་། ཤིན་ཅན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་ཀྱི་N35ཁྲིམས་འགལ་ཐོག་ས་ཁོངས་བརྒལ་ཡུལ་གཙོ་གནད་དུ་སྐོར་གཡེང་བྱས་ཏེ་ཟླ་11ཚེས་19ཉིན་བདེ་འཇགས་ངང་གོར་མོ་གྲོང་ཁྱེར་དུ་ཕྱིར་ལོག་བྱས་པ་རེད།
སྐོར་ཞིབ་ཁྲིམས་འཛིན་ཁྲོད། ཉེན་རྟོག་པས་སྔོ་ཁེབས་སྐྱེ་འཚར་དང་། རི་དྭགས་ཁྱུ་ཚོགས།
རིམས་ནད་འབྱུང་ཁུངས་དང་རིམས་ནད་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ནས་སྐྱེ་ཁམས་མ་ལག་བརྟན་ལྷིང་ངང་སྲུང་སྐྱོང་བྱས་པ་མ་ཟད། ཁྲིམས་འགལ་གྱི་རྔོན་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་དུ་རང་དགར་འཛུལ་བའི་ཁྲིམས་འགལ་བ། ཁྲིམས་འགལ་གཏེར་འདོན་སོགས་ཁྲིམས་འགལ་གྱི་གནད་དོན་མངོན་གསལ་དོད་པའི་ཉེས་བསགས་ལ་དམིགས་ནས་རྡུང་རྡེག་གནད་འཁེལ་བཏང་བ་རེད།