གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་21ཉིན། 16:08】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཚེས་20ཉིན་གྱི་དགོང་མོར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བ་ལྟར་ན། ཧེ་ལུང་ཅང་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་དང་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་ཟུར་པ་པི་པའོ་ཝུན་ལ་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། ད་ཆ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

ཡོངས་བསྒྲགས་དཔྱད་ཡིག་ལས་མངོན་པ་ལྟར་ན། པི་པའོ་ཝུན་ནི་1960ལོའི་ཟླ་7པར་སྐྱེས་པ་དང་། ཧྲན་ཏུང་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཐིང་རིམ་གཞོན་པ་སོགས་ཀྱི་འགན་ཁུར་མྱོང་ཞིང་། 2016ལོའི་ཟླ་5པར་ཧེ་ལུང་ཅང་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་གི་འགན་ཁུར་ཡོད།
2017ལོར་པི་པའོ་ཝུན་ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་ཞིང་ཆེན་གྱི་འགོ་འཛིན་གཞོན་པའི་འགན་འཁུར་བ་དང་། མུ་མཐུད་ཞིང་ཆེན་སྤྱི་བདེ་ཐིང་གི་ཏང་ཨུད་ཧྲུའུ་ཅི་དང་ཐིང་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་བ་དང་། 2020ལོ་ནས་གོང་གསལ་གྱི་ལས་འགན་འཁུར་མེད་པ་རེད།