གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་21ཉིན། 16:04】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
རྨིན་ཧོ་རྫོང་དྲ་རྒྱའི་ཉེན་རྟོག་པ་དང་དྲ་རྒྱའི་འཕྲིན་གཏོང་བཅས་ཀྱིས་མཉམ་འབྲེལ་ཐོག་ཐ་ཤལ་དང་སྒྲིག་འགལ་གྱི་དྲ་རྒྱའི་གཙོ་སྐྱོང་བ་3བསྐོང་འདྲི་བྱས།
དྲ་རྒྱའི་བར་སྟོང་མུ་མཐུད་དུ་གཙང་སྒྱུར་དང་། དྲ་རྒྱའི་ཐད་གཏོང་ལས་རིགས་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། དྲ་རྒྱའི་ཤེས་དཔལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་རྨིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་ཀྱི་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་རྫོང་དྲ་འཕྲིན་གཞུང་དོན་ཁང་དང་མཉམ་འབྲེལ་བྱས་ཏེ་ཁོངས་གཏོགས་ཁུལ་ནང་དུ་ཐ་ཤལ་དང་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་པའི་དྲ་རྒྱའི་གཙོ་སྐྱོང་བ་གསུམ་ལ་གཅིག་སྡུད་བསྐོང་འདྲི་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། དྲ་རྒྱའི་གཙོ་སྐྱོང་བ་གསུམ་པོས་གཞན་པའི་དོ་ཁུར་ཐོབ་ཆེད། ཐད་གཏོང་ཁྲོད་སྐད་ཆ་མ་རབས་བཤད་པ་དང་། བསམ་ངན་གྱིས་ཐ་ཤལ་གྱི་འགྲན་རེས་བྱེད་པ། ཕན་ཚུན་ལ་ཚིག་རྩུབ་བརྗོད་པ་དང་ཕར་རྒོལ་བྱེད་པ། ཐ་མལ་རིགས་ཀྱི་འཁྲབ་སྟོན་བྱེད་པ་སོགས་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་པས། 《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྐྱེ་ཁམས་བཅོས་སྐྱོང་གཏན་འབེབས་》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་ཚབས་ཆེར་འགལ་ནས། དྲ་རྒྱའི་སྐྱེ་ཁམས་དྭངས་གསལ་ཡོང་བར་གཏོར་བརླག་བྱས་པ་མ་ཟད། སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་ལ་རྒྱབ་འགལ་བྱས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད།

བསྐོང་འདྲིའི་ཡུལ་དངོས་སུ། མི་དམངས་ཉེན་རྟོག་པས་དོན་རྐྱེན་དང་འབྲེལ་བ་ཡོད་པའི་གཙོ་སྐྱོང་པ་ལ་སྒྲིག་འགལ་གྱི་དོན་དངོས་བརྡ་ཁྱབ་ནན་པོ་བཏང་བ་དང་། དམིགས་གཏད་རང་བཞིན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཉེན་བརྡའི་སློབ་གསོ་སྤེལ་བ། བཅོས་སྒྲིག་གི་བླང་བྱ་དང་དུས་བཀག་ཁ་གསལ་བཟོས་ཡོད། བསྐོང་འདྲི་བྱ་ཡུལ་གཙོ་སྐྱོང་བ་ཚང་མས་རང་གི་བྱ་སྤྱོད་ནོར་འཁྲུལ་ཡིན་པ་དང་དེའི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཡུལ་དངོས་དེར་《དྲ་ཐོག་ཐད་གཏོང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་ཁས་ལེན་ཡི་གེ་》བྲིས་ནས་དྲ་སྦྲེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་བྱེད་པ་དང་། རང་རྟོགས་ངང་ཐད་གཏོང་གི་གཏམ་སྤྱོད་ཚད་ལྡན་དུ་གཏོང་བ། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་རྒྱུ་ཁས་ལེན་བྱས་པ་རེད།

ད་ཐེངས་མཉམ་འབྲེལ་བསྐོང་འདྲི་བྱས་པ་དེས་དྲ་ཐོག་ཐད་གཏོང་ལས་རིགས་ཀྱི་སྒྲིག་འགལ་དང་ཟང་ཟིང་གི་སྣང་ཚུལ་ལ་ཉེན་བརྡ་དང་འཇིགས་སྐུལ་ནུས་ལྡན་བྱས་པ་དང་། མ་རབས་དང་ཐ་ཤལ་གྱི་ནང་དོན་ཁྱབ་སྤེལ་དང་བརྒྱུད་སྤེལ་བཀག་འགོག་བྱས་ནས། ཐད་གཏོང་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། གོམ་སྟབས་རྗེས་མར་རྨིན་ཧོ་རྫོང་སྤྱི་བདེ་ཅུས་ཀྱིས་དྲ་རྒྱའི་ཆ་འཕྲིན་སྡེ་ཁག་དང་མཐུན་སྦྱོར་མཉམ་འགུལ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དྲ་ཐོག་སྐོར་ཞིབ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་དང་སྒྲིག་འགལ་གྱི་དྲ་ཐོག་ཐད་གཏོང་བྱ་སྤྱོད་སྣ་ཚོགས་ལ་“བཟོད་སྒོམ་གཏན་ནས་མི་བྱེད་པ་”རྒྱུན་འཁྱོངས་བྱས་ནས། གཅིག་ཤེས་རྟོགས་བྱུང་འཕྲལ་གཅིག་ཞིབ་བཤེར་ཐག་གཅོད་བྱས་ནས་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་བྱས་ཏེ། ནུས་ཤུགས་ཡོད་རྒུས་དྲ་རྒྱའི་ཁྱབ་སྤེལ་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱས་ནས་མཉམ་དུ་སྤྱོད་ཚུལ་དྭངས་གཙང་དང་དྲང་བདེན་གྱི་དྲ་རྒྱའི་ཁོར་ཡུག་བསྐྲུན་རྒྱུ་རེད།