གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་21ཉིན། 15:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཞིང་ལས་གྲོང་གསེབ་ཀྱི་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་དང་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ཡོད། 2021ལོ་ནས་ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཏུན་ཁྲི་324.8ཕྱིར་གཏོང་བྱས་པར་རིན་ཐང་སྒོར་དུང་ཕྱུར་559.1ཟིན་ཡོད། 《ཞིང་ཆེན་དང་པུའུ་ཡིས་ཐུན་མོང་ཐོག་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་བྱ་སྤྱོད་ཇུས་གཞིའི》གཙོ་གནད་ལས་འགན་དོན་འཁྱོལ་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་མ་ལག་དང་། ཞིང་ལས་ཐོན་སྐྱེད་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་འཕེལ་རྒྱས་མ་ལག ཚན་རྩལ་གསར་གཏོད་ཞབས་ཞུའི་མ་ལག ཞིང་འབྲོག་ལས་དབྱིབས་གསར་གཉེར་སྐྱོང་མ་ལག དེང་རབས་ཞིང་འབྲོག་ཐོན་རྫས་ལས་སྣོན་མ་ལག ཟོག་འགྲེམས་ཕྱིར་གཏོང་མ་ལག ཁྲོམ་རའི་ཚོང་གཉེར་མ་ལག་བཅས་མ་ལག་ཆེན་པོ་བདུན་རགས་ཙམ་ཆགས་ཡོད།
ལོ་ལྔའི་རིང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་པ་དེའི་ནང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱིས་དམིགས་ཚད་ལས་འགན་གྱི་103%ལེགས་གྲུབ་བྱུང་བ་དང་། རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་ས་ཞིང་སྤྱི་ཆིང་ཁྲི་32.53བསྐྲུན་པ། རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆའི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་དང་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་24བསྐྲུན་པར་དམིགས་ཚད་ལས་འགན་གྱི་ལྡབ་3ལེགས་གྲུབ་བྱུང་བ། སྔོ་ཚལ་ཐོན་སྐྱེད་རྟེན་གཞི་སྤྱི་ཆིང་ཁྲི་2སྒྱུར་བཀོད་རིམ་སྤོར་བྱས་པར་དམིགས་ཚད་ལས་འགན་གྱི་200%ལེགས་གྲུབ་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་དང་པད་ཁའི་ཐོན་འབབ་ལོ་བཅུའི་རིང་གི་ཟིན་ཐོ་གསར་པ་ཟིན་པ་དང་། ཚགས་ཤ་དང་། ཞོག་ཁོག སྔོ་ཚལ་བཅས་ཀྱི་ཐོན་འབབ་དམིགས་ཚད་ལས་འགན་ལེགས་གྲུབ་བྱུང་བ། ལུག་ཤ་དང་། ནས། པད་ཁ། གྲང་ཆུའི་ཉ། འདྲེ་ཚེར་མ་བཅས་ཀྱི་ཐོན་འབབ་ཀྱི་དམིགས་ཚད་ལས་འགན་ལོ་དེ་རང་ཁྱོན་ཡོངས་ནས་ལེགས་གྲུབ་ཡོང་རྒྱུ། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་ཕུལ་ཚད་61%ཟིན་ཡོད། སྤུས་ཚད་ལྟ་འདོམས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འབྲི་གཡག་དང་ལུག་ཐོན་ཡུལ་རྫོང(གྲོང་ཁྱེར་དང་ཆུས)39ལ་ཁུངས་འདེད་བྱས་ཡོད།