གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་20ཉིན། 14:49】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
གནས་ཚུལ་ཕྱོགས་བསྡུས་བྱས་པར་གཞིགས་ན། དབྱི་སི་རལ་གྱི་ས་གནས་དེ་གའི་དུས་ཚོད་ཚེས་18ཉིན་དབྱི་སི་རལ་གྱིས་ལེ་པ་ནོན་ལྷོ་ནུབ་ཀྱི་གྲོང་ཁྱེར་སའེ་ཏ་ཉེ་འགྲམ་གྱི་ཕ་ལེ་སི་ཐན་གྱི་ཡུལ་གྱར་བའི་སྒར་སར་མཁའ་རྒོལ་བྱས་པས་ཉུང་མཐར་ཡང་མི་13རྐྱེན་ལམ་དུ་ཤོར་བ་རེད།
ལེ་པ་ནོན་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་18ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་མི་མེད་གནམ་གྲུ་ཞིག་གིས་སའེ་ཏ་ཉེ་འགྲམ་གྱི་ཨའེ་དབྱིན་ཧོ་ལེ་ཝེའི་ཡུལ་གྱར་བའི་སྒར་སའི་ནང་གི་དབྱི་སི་ལན་གྱི་ཆོས་ཁང་ཞིག་དང་ཉེ་འགྲམ་གྱི་རླངས་འཁོར་ཞིག་ལ་འཕུར་མདེལ་འཕངས་པ་རེད། ལེ་པ་ནོན་འཕྲོད་བསྟེན་པུའུ་ཡིས་ཅུང་ཕྱི་ཙམ་ལ་བརྡ་ཁྱབ་བཏང་བའི་ནང་ད་ཐེངས་ཀྱི་དོན་རྐྱེན་ནང་མི་13རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པས་འབྲེལ་ཡོད་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།
《དབྱི་སི་རལ་སྐབས་དོན་ཚགས་པར་》ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཨའེ་དབྱིན་ཧོ་ལེ་ཝེའི་ཡུལ་གྱར་བའི་སྒར་སར་རྡུང་རྡེག་བཏང་བའི་ར་སྤྲོད་བྱས་པ་དང་འབྲེལ་དམིགས་ཚད་ནི་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སིའི་)“སྦྱོང་བརྡར་སྒྲིག་བཀོད་”ཡིན་ཞེས་བཤད་པ་རེད། དབྱི་སི་རལ་དམག་དཔུང་གིས། ཧ་མ་སིའི་དྲག་ཆས་མི་སྣས་ཡུལ་གྱར་བའི་སྒར་སར་སྦྱོང་བརྡར་དང་ནང་སྦྱོང་བྱེད་པ་དེའི་དམིགས་ཡུལ་ནི་དབྱི་སི་རལ་ཕྱོགས་ལ་དམིགས་པའི་འཇབ་རྒོལ་ཇུས་འགོད་དང་སྐུལ་སློང་བྱ་རྒྱུ་ཡིན་ལུགས་བཤད་པ་དང་དབྱི་སི་རལ་དམག་གིས་“ས་ཆ་གང་རུང་དུ་ཧ་མ་སིའི་བྱེད་སྒོར་མུ་མཐུད་རྡུང་རྡེག་གཏོང་རྒྱུ་”ཡིན་ཞེས་བཤད་པ་རེད།
དབྱིན་ཇིའི་རླུང་འཕྲིན་ཀུང་སིས་གནས་འཕྲིན་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་འཇབ་རྒོལ་བྱུང་རྗེས་ཧ་མ་སི་ཕྱོགས་ཀྱིས་རྒོལ་གཏམ་བཏང་བ་དང་ཨའེ་དབྱིན་ཧོ་ལེ་ཝེའི་ཡུལ་གྱར་བའི་སྒར་སར་“དམག་དོན་སྒྲིག་བཀོད་གང་ཡང་མེད་”པ་དང་འཇབ་རྒོལ་གྱི་དམིགས་འབེན་དེ་ནི་“མཐོངས་ཡངས་བའི་ལུས་རྩལ་ར་བ་ཞིག་”རེད་ཅེས་བཤད་པ་རེད།
2024ལོའི་ཟླ་11པར་ལེ་པ་ནོན་དང་དབྱི་སི་རལ་གྱི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་དངོས་སུ་གོ་ཆོད་པའི་རྗེས། དབྱི་སི་རལ་དམག་དཔུང་གིས་སྔར་བཞིན་ལེ་པ་ནོན་གྱི་ཏང་ངོ་མ་དང་ཧ་མ་སི་ལ་རྡུང་རྡེག་གཏོང་རྒྱུ་རྒྱུ་མཚན་དུ་བྱས་ནས་ལེ་པ་ནོན་མངའ་ཁོངས་ཀྱི་དམིགས་འབེན་ལ་མུ་མཐུད་མཁའ་རྒོལ་བྱས་ནས་མི་འབོར་ཆེན་ཤི་རྨས་བྱུང་ཡོད།