འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་20ཉིན།

༄༅།།ཕུའུ་ཅིང་གིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་རྣམ་འགྱུར་གསར་ཤོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་20ཉིན། 14:46】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཕུའུ་ཅིང་གིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་རྣམ་འགྱུར་གསར་ཤོས་ཏེ། ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་གནས་པ་ནི་ཕྱོགས་གང་ལའང་དམིགས་པ་དེ་འདྲ་མིན།

     ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་18ཉིན་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་ཐད་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་རྣམ་འགྱུར་གསར་ཤོས་བསྟན་ཡོད་པ་རེད།

     ཉིན་དེར་ཕུའུ་ཅིང་གིས་ཨུ་རུ་སུ་དང་ཀྲུང་གོས་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་གནས་ཡོད། འབྲེལ་བ་དེ་རིགས་འདྲ་མཉམ་གཉིས་ཕན་དང་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་རྨང་གཞིར་བྱེད་པ་དང་དུས་མཚུངས་ཕྱོགས་གང་ལའང་དམིགས་པ་མིན་ཞེས་དང་། ཁོང་གིས། རྒྱལ་ཁབ་གཉིས་པོའི་དབར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་ཅེས་ཀྱང་གསུངས་པ་རེད།

     ཕུའུ་ཅིང་གིས། དེའི་གོང་ལ་ཁོང་ཉིད་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པ་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཛམ་གླིང་གི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་རིང་ཀྲུང་གོ་ཕྱོགས་དང་སྤེལ་རེས་གཏིང་ཟབ་བྱས་ཡོད་ཅེས་གསུངས་པ་རེད།

     ཚེས་13ཉིན་ཐ་སི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་ཐད་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུ་ལུའོ་ཕུའུ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་ཨུ་རུ་སུ་དང་ཀྲུང་གོས་ལག་རྩལ་སོགས་ཁྱབ་ཁོངས་ནང་མཉམ་ལས་བྱས་པ་དེས་རྒྱལ་ཁབ་གཉིས་པོར་ཕན་པ་ཏན་ཏིག་ཐོན་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་རྒྱུན་མཐུད་བརྟན་པོར་འཕར་རྒྱུར་ཕན་ཐོགས་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་བཤད་པ་རེད། སྐབས་དེར་ཁོང་གིས། ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འདྲ་མཉམ་གྱི་འབྲེལ་བ་ནི་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་རྒྱབ་སྐྱོར། ཁྱིམ་མཚེས་མཛའ་མཐུན་བཅས་ཀྱི་སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་རེད་ཅེས་ཀྱང་བཤད་པ་རེད།