འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་20ཉིན།

༄༅།།ཇ་སྟོན་ཚོགས་འདུའི་ཐོག་ཕྱུག་འགྱུར་གྲུབ་འབྲས་གླེང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་20ཉིན། 14:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་གཙག་བུ་གྲོང་ཚོའི་ཁང་པ་བགོ་བའི་རྒྱན་རྒྱག་ཡུལ་གྱི་འཁྲུག་ཆ་དོད་པའི་རྣམ་པ་ཡིན་པ།

འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་གཙག་བུ་གྲོང་ཚོའི་ཁང་པ་བགོ་བའི་རྒྱན་རྒྱག་ཡུལ་གྱི་འཁྲུག་ཆ་དོད་པའི་རྣམ་པ་ཡིན་པ།

     བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་གཙག་བུ་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཧ་ཅང་འཁྲུག་ཆ་དོད་ཅིང་། ཡུལ་མི་ཚོས་བྲོ་ཞིམ་གྱི་ཇ་བསྲུབས་མ་འཐུང་གིན་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་མཆིས།

     གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དབུན་ཅིང་གིས“ཕུན་ཚོགས་ལགས། ཁང་པ་གསར་པ་དེར་སྐྱིད་པོ་འདུག་གམ”ཞེས་དྲིས།

     ཕུན་ཚོགས་ཚེ་རིང་གིས་དགའ་ཚོར་ཆེན་པོས“ཧ་ཅང་སྐྱིད་པོ་འདུག དཀར་གཅལ་གཙང་བ་མ་ཟད། ཐབ་ཚང་ནང་ད་དུང་ཆུ་ཀ་ལ་དང་ཆ་སྒམ་ཡང་བསྒྲིགས་འདུག དེས་མ་ཚད་གསང་སྤྱོད་ཀྱང་ཧ་ཅང་སྟབས་བདེ་པོ་འདུག དེ་དག་ཚང་མ་སྔོན་ཆད་བསམ་ཡང་མི་ཕོད་པ་ཞིག་རེད”ཅེས་བཤད།

     ཡུལ་མི་བསྟན་འཛིན་དབང་གྲགས་ཀྱིས“གྲོང་ཁྱེར་ནང་གི་སྤུན་མཆེད་ཀྱི་ཁང་པའི་ཆ་རྐྱེན་ཡང་དེ་ལྟར་རེད་འདུག ད་དངོས་འབྲེལ་ལྷ་ས་གྲོང་ཁྱེར་གྱི་ཁང་པ་ང་ཚོའི་འབྲོག་ཁུལ་དུ་སྤོས་པ་དང་གཅིག་པ་རེད་འདུག”ཅེས་བཤད།

སྐད་ཆ་དེ་ཐོས་མ་ཐག་དེ་གར་ཡོད་པའི་མི་ཚང་མ་གད་མོ་ཤོར།

     ཟླ་11ཚེས་10ཉིན། གཙག་བུ་གྲོང་ཚོར་ཁང་པ་བགོ་བའི་རྟེན་འབྲེལ་མཛད་སྒོ་འཚོགས་ནས་གྲོང་ཚོའི་དུད་ཚང་ཚང་མར་ཁང་པ་གསར་པའི་ལྡེ་མིག་རག་པ་རེད། འདི་ནི་མངའ་རིས་ས་ཁུལ་གྱིས་གཙག་བུ་གྲོང་ཚོར་ལག་ལེན་བསྟར་བའི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་དཔེ་སྟོན་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་ཡིན་ཞིང་། ཁྱོན་མ་དངུལ་སྒོར་ཁྲི་9989བཏང་ནས་སྡོད་ཁང་གསར་པ་219བསྐྲུན་པའི་ནང་རྒྱ་ཁྱོན་ཆུང་ཤོས་སྨི་ངོས་གྲུ་25དང་ཆེ་ཤོས་སྨི་ངོས་གྲུ་125ཟིན་གྱི་ཡིན་པ་རེད།

     ཕུན་ཚོགས་ཚེ་རིང་ལ་ནང་མི་7ཡོད་པས་ཉལ་ཁང་བཞིའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཆེ་ཤོས་དེ་རག་པ་དང་། སྨི་ངོས་གྲུ་རེར་སྒོར་500ཡི་ཚད་གཞི་ལྟར་ཁང་པ་དེར་ཁོང་གིས་སྒོར་62500མ་གཏོགས་སྤྲོད་དགོས་བྱུང་མེད།

     གྲོང་ཚོའི་ཞིང་འབྲོག་ཆེད་བསྐོས་པ་ཚེ་རིང་ལྷ་འཛོམས་ཀྱིས“ཨ་ཅོ་ཕུན་ཚོགས། ད་ལོ་ཁྱེད་ཀྱི་ཁྱིམ་ལ་རེའུ་ག་ཚོད་སྐྱེས་སོང”ཞེས་དྲིས།

     ཕུན་ཚོགས་ཚེ་རིང་གིས་མཛུབ་རྩིས་རྒྱག་གིན“རེའུ་226སྐྱེས་སོང་། ད་ཆ་ཁྱིམ་དུ་ར་ལུག་མགོ་གྲངས་1100ལྷག་ཙམ་ཡོད་པས་ཞོགས་པ་ནས་དགོང་མོའི་བར་རྦད་དེ་བྲེལ་བ་རེད་འདུག གལ་སྲིད་གྲོང་ཚོའི་ནང་ཁང་པ་གསར་པ་བགོ་བའི་བཀྲ་ཤིས་པའི་བྱ་བ་འདི་འདྲ་མེད་ཚེ་ང་མ་མཐུད་འབྲོག་རར་ལས་ཀ་བྱས་ནས་བསྡད་ཡོད”ཅེས་བཤད།

     ཚེ་རིང་ལྷ་འཛོམས་ཀྱིས་གད་མོ་དགོད་བཞིན“ད་བྱས་ན་ཕལ་ཆེར་ད་ལོ་ཁྱེད་ལ་ཡོང་འབབ་མང་པོ་བྱུང་ཡོད་ཀྱི་རེད”ཅེས་བཤད།

     ལོ་མཇུག་སླེབས་རིམ་བཞིན་ཚེ་རིང་ལྷ་འཛོམས་ཀྱིས་དུད་ཚང་རེ་རེ་བྱས་ཏེ་ཚང་མའི་ཡོང་འབབ་བསྡོམས་རྩིས་རྒྱག་བཞིན་པ་ཕུན་ཚོགས་ཚེ་རིང་གིས་ཤེས་ཀྱི་ཡོད་པས་ཁོང་གིས“ད་ལོ་ཁུ་ལུ་བཙོངས་ནས་ཡོང་འབབ་སྒོར་ཁྲི་8རག་བྱུང་། ད་དུང་སྐྱེལ་འདྲེན་ཡོང་འབབ་སྒོར་ཁྲི་10དང་། རྩྭའི་ཁ་གསབ་སྒོར་ཁྲི་4.6 གྲོང་ཚོའི་མཉམ་སྡེབ་བགོ་འགྲེམས་སྒོར་ཁྲི་2.1 ཕྱུགས་རིགས་གསར་སྐྱེས་ཁ་གསབ་སྒོར་ཁྲི་0.6བཅས་ཁྱོན་ཡོང་འབབ་སྒོར་ཁྲི་25.3བྱུང་འདུག”ཅེས་མཛུབ་མོས་རྩིས་རྒྱག་གིན་སྤོབས་པ་ཆེན་པོས་བཤད།

     ཕུན་ཚོགས་ཚེ་རིང་གིས་བཤད་པའི་བགོ་འགྲེམས་དེ་ཟླ་11ཚེས་6ཉིན་སྤྲད་ཅིང་། གཙག་བུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནས་2025ལོར་བགོ་འགྲེམས་སྒོར་ཁྲི་353བརྒྱབ་སྟེ་གྲོང་ཚོ་དེ་ཡོངས་ཀྱི་ཡུལ་མི་མི་རེར་དངུལ་སྨར་སྒོར་3000རེ་སྤྲད་ཡོད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་དེ་གཙོ་བོ་ར་ཁུལ་དཀར་གྱི་ཐོན་ལས་འཕེལ་རྒྱས་བཏང་བ་དང་བྱེ་རྡོ་ར་བ་དང་ས་ཕག་བཟོ་གྲྭ་སོགས་གཉེར་སྐྱོང་བྱས་པ་ལས་བྱུང་བ་རེད།

     གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྐར་མ་ལྷ་རྒྱལ་གྱིས“རའི་ཁུལ་དཀར་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། ད་ལོ་ཡུལ་མི་ཚོའི་ཡོང་འབབ་སླར་ཡང་ཇེ་མང་དུ་ཕྱིན་ནས་ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་26530ལྷག་ཙམ་ཟིན་ཏེ་ན་ནིང་དང་བསྡུར་ན་སྒོར་2000ཙམ་འཕར་རེ་ཡོད”ཅེས་བཤད།

     སྐར་མ་ལྷ་རྒྱལ་གྱིས“གྲོང་ཚོར་ར་ཁུལ་དཀར་གྱི་མགོ་གྲངས་47144ཡོད་པ་དང་སང་ལོ་ང་ཚོས་མགོ་གྲངས་ཁྲི་5ལྷག་ཙམ་ཟིན་པའི་བརྩོན་ལེན་བྱེད་ཀྱི་ཡོད། སྡོང་ཕྲུག་ར་བའི་འདེབས་འཛུགས་རྒྱ་ཁྱོན་མུའུ་300ཆེ་རུ་གཏོང་བ་དང་སྦྲགས།  ཚང་མས་རང་ཁྱིམ་དུ་ཡོད་པའི་ཟོག་འཁོར་དང་འཕྲུལ་ཆས་དག་རྣམ་གྲངས་ནང་ཡག་པོ་སྤྱད་དེ་ཡོང་འབབ་མང་ཙམ་གསོག་ཐུབ་པ་བྱེད་དགོས”ཞེས་ཚང་མར་སྐུལ་ལྕག་བྱས།

     སྐར་མ་ལྷ་རྒྱལ་གྱི་སྐད་ཆ་དེ་དག་ཉན་རྗེས་ཚང་མས་དགའ་བསུ་ཞུས་པ་མ་ཟད། སོ་སོའི་བསམ་འཆར་བཤད་ནས་ས་གནས་ས་ཐོག་ཏུ་ཧ་ཅང་འཁྲུག་ཆ་དོད་པོ་བྱུང་ཡོད།

     བསྟན་འཛིན་དབང་གྲགས་ཀྱིས“དགུན་ཁ་འཆར་ལ་ཉེ་བས་གྲོང་ཚོའི་ནང་གི་ཚད་གཞི་མཐོ་བའི་ལྷས་ར་དུས་ཚོད་དམ་འཛིན་གྱིས་རྒྱག་དགོས། དེས་གཅན་གཟན་གྱི་གནོད་འཚེ་འགོག་ཐུབ་པ་མ་ཟད། དྲོད་ཡང་ཡག་པོ་ཁུག་ཐུབ”ཅེས་བཤད།

     ཕུན་ཚོགས་ཚེ་རིང་གིས“ཁང་པ་གསར་པའི་ནང་སྤོས་རྗེས་ངས་ཁང་པའི་ཕྱི་ནང་ཚང་མར་གཙང་སྦྲ་ཡག་པོ་བྱས་ཏེ་འོམ་བུ་སོགས་བཏབ་ནས་ཁང་པ་དེ་བས་མཛེས་སུ་གཏོང་རྩིས་ཡོད”ཅེས་སྐད་ཤུགས་ཆེན་པོས་བཤད།

     ཡུལ་མི་ཚོའི་འཚོ་བ་སྔར་བས་བདེ་ཞིང་སྐྱིད་པའི་ཕྱོགས་སུ་སྐྱོད་བཞིན་མཆིས།