འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་20ཉིན།

༄༅།།ཤི་ལོག་སྒྲོལ་མའི་ངོ་མཚར་ཆེ་བའི་མི་ཚེའི་བརྒྱུད་རིམ་གཞན་ཞིག

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་20ཉིན། 14:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཁྲུའུ་ཅེ་དང་། ཧོང་ཡའོ་མན། ཧུའུ་ནཱ་ཡུན།

     རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་ཤི་ལོག་སྒྲོལ་མ་དུས་རྒྱུན་ལས་ཀྱང་བྲེལ་འཚུབ་ཆེ།

     ཚེས་15ཉིན་གྱི་ཞོགས་པར། ཁོང་མར་སུན་འགྲན་རྒྱུག་གི་སྤྱི་ལེ་བཅོ་ལྔའི་མཁོ་སྤྲོད་ས་ཚིགས་སུ་ཡོང་ནས་བདམས་ཐོན་པ་ཚོར་ཆུ་སྤྲོད་པ་དང་ཤུགས་རྒྱག་རོགས་བྱེད་ཀྱི་ཡོད། ཉིན་དེའི་ཕྱི་དྲོར་ཁོང་ཤང་ཀང་ནས་ཀོང་ཀྲོའུ་རུ་ཡོང་སྟེ་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་འགྲན་བསྡུར་གྱི་ཞབས་ཞུའི་ནང་ཞུགས་ཤིང་། དེའི་གོང་ལ་ཁོང་ཆིང་ཡོན་གྱི་སྦེ་ག་འགྲན་རར་ན་གཞོན་བདམས་ཐོན་པ་ཚོའི་ཕར་རྒོལ་དང་འགོག་སྲུང་བྱེད་པའི་སྦྱོང་བརྡར་ལ་བལྟ་གི་ཡོད།

     དེ་སྔ་འཛམ་གླིང་གི་ཨང་དང་པོ་ཡིན་པ་དང་། ད་ཆ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ལུས་རྩལ་འགྲན་བསྡུར་ཁོའོ་ཡི་ཁོའོ་ཀྲང་ཡིན་པའི་ཤི་ལོག་སྒྲོལ་མས་སྔར་བཞིན་འགྲན་རར་ཡོང་སྟེ་བརྒྱུད་རིམ་གཞན་ཞིག་གི་ཐོག་ནས་ལུས་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་འབུལ་བཞིན་མཆིས།

     2011ལོའི་དབྱི་སི་ཐན་པུར་གྱི་སྦེ་གའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་། ཁོང་རྒྱལ་ཁབ་རུ་ཁག་གི་ཚབ་བྱས་ནས་རྒྱལ་སྤྱིའི་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་དེ་ཡིན་ལ། གནམ་གྲུར་བསྡད་ནས་རྒྱལ་ཁབ་ཕྱིར་སྐྱོད་ཐེངས་ཡང་དང་པོ་དེ་ཡིན།

     མཐར་འགྲན་བསྡུར་དེས་ཁོང་གི་མི་ཚེའི་ལས་དབང་གི་ཁ་ལོ་རྦད་དེ་བསྒྱུར་པ་མ་ཟད། ཁོང་ལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་རང་མོས་རྣམ་པའི་སྦེ་གའི་སྤྱི་རྒྱ་67རིམ་པའི་གསེར་གྱི་རྟགས་མ་ཐོབ་ནས་བོད་ཞི་བའི་བཅིངས་འགྲོལ་བཏང་ཚུན་རྩལ་འགྲན་ལུས་རྩལ་གྱི་འཛམ་གླིང་གི་ཨང་དང་པོར་གྱུར་ཏེ་བོད་ཀྱི་ལུས་རྩལ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཡང་བཏོད་ཡོད།

     ལུས་རྩལ་རུ་ཁག་ནང་ཞུགས་པ་ནས་རུ་ཁག་གི་ལས་དོན་པ་མ་ཆགས་པའི་བར་ཤི་ལོག་སྒྲོལ་མས་ལོ་16ཏག་ཏག་སྦེ་གའི་འགྲན་བསྡུར་ནང་ཞུགས་ཡོད།

     2013ལོར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ཐོག་ཤི་ལོག་སྒྲོལ་མས་བོད་ལྗོངས་རུ་ཁག་གི་ཚབ་བྱས་ནས་བུད་མེད་ཀྱི་རང་མོས་རྣམ་པའི་སྦེ་གའི་སྤྱི་རྒྱ་63རིམ་པའི་ཨང་དང་པོ་བླངས་པ་རེད།

     2017ལོར་ལུས་རྩལ་རུ་ཁག་ནས་དོན་རྗེས་ཤི་ལོག་སྒྲོལ་མས་ཕ་ཡུལ་དུ་ལོག་ནས་ལུས་རྩལ་རུ་ཁག་གི་དོ་དམ་ལས་ཀ་བྱས་ཤིང་། དེ་སྔ་ལྟར་འགྲན་བསྡུར་ནང་ཞུགས་ཀྱི་མེད་རུང་ཁོང་གིས་སྔར་བཞིན་བོད་ཀྱི་ལུས་རྩལ་འཕེལ་རྒྱས་ལ་དཔང་པོ་བྱེད་བཞིན་ཡོད།

     ད་ཆ་ཁོང་གིས་རྣམ་གྲངས་དོ་དམ་དང་། རྩལ་ཁྲིད་འདེམས་སྒྲུག ལུས་རྩལ་པ་ཐོ་འགོད། འགྲན་བསྡུར། སྦྱོང་བརྡར་བྱེད་རོགས་སོགས་ཀྱི་ལས་ཀའི་འགན་འཁུར་གྱི་ཡོད། “ལས་ཀ་དེ་ཚོ་རྙོག་དྲ་ཚ་པོ་འདུག”ཅེས་དགོད་བཞིན་བཤད།

     ཁོང་རྒྱུན་དུ་སྦྱོང་བརྡར་རྟེན་གཞིར་ལུས་རྩལ་པར་བལྟ་བར་འགྲོ་གི་ཡོད། “སྦེ་ག་འགྲན་མཁན་བུ་མོ་ཆུང་ཆུང་ཚོས་རྒྱུན་དུ་ཁོང་ལ་ཨ་ཅག་ཅེས་འབོད་པ་དང་། གལ་ཆེ་སར་གཞི་ནས་ཁོའོ་ཀྲང་ཤི་ལོག་ལགས་ཞེས་འབོད་ཀྱི་ཡོད”

     ཤི་ལོག་སྒྲོལ་མས་བོད་ཀྱི་གཞོན་སྐྱེས་ལུས་རྩལ་པ་ཚོའི་གཤིས་ཀ་དེ་བས་སྣང་བ་སྐྱིད་པ་དང་བློ་ཁོག་ཆེ་བ་འདུག “གལ་ཏེ་ཁོང་ཚོ་རྒྱལ་ཁབ་རུ་ཁག་ཏུ་སྦྱོང་བརྡར་བྱེད་པར་སྐྱོད་སྐབས་ས་གནས་རུ་ཁག་ཁག་གི་རུ་མི་དང་མཐུན་པོ་ཡོང་བ་འདུག”ཅེས་བཤད།

     ཁོང་ཚོའི་བློ་ཁོག་དང་སྤོབས་སེམས་ལས་གྲུབ་འབྲས་མངོན་ཞིང་། ཉེ་བའི་ལོ་ཤས་རིང་། བོད་ཀྱི་ལུས་རྩལ་པ་ཚོར་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་བསྡུར་ནང་གཡུར་ཟའི་གྲུབ་འབྲས་ཐོབ་པ་སྟེ།

     ད་ལོའི་U20སྦེ་གའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་དབྱངས་སྒྲོན་ལ་བུད་མེད་ཀྱི་རང་མོས་རྣམ་པའི་སྦེ་གའི་སྤྱི་རྒྱ་62རིམ་པའི་ཨང་དང་པོ་ཐོབ་པ་དང་། དེ་གོང་གཡང་ལགས་དང་སྒྲོལ་མ་ལྷག་དཀར་ཡང་རྒྱལ་སྤྱིའི་སྦེ་གའི་འགྲན་བསྡུར་གྱི་བྱ་དགའ་ལེན་སྟེགས་ཐོག་ཐེངས་མང་འཛེག་མྱོང་ཡོད།

     2023ལོར་སི་ཕེན་ཅཱ་ཐའེ་ལུའོ་ཉི་ཡ་རུ་སྤེལ་བའི་གངས་ཤུད་དང་རི་འཛེག་གི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཐོག་གཡུ་སྒྲོན་ལྷ་མོས་U20ཡི་ཐག་ཐུང་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་གངས་ཤུད་དང་རི་འཛེག་གི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་དང་པོ་དེ་བླངས་པ་རེད།

     བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2013ལོ་ནས་2024ལོའི་བར། བོད་ཀྱི་ལུས་རྩལ་པ་ཚོ་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་བསྡུར་ནང་ཞུགས་ནས་རྟགས་མ་823རག་པའི་ཁྲོད་གསེར་གྱི་རྟགས་མ་289དང་། དངུལ་གྱི་རྟགས་མ་219 ཟངས་ཀྱི་རྟགས་མ་315བཅས་ཡོད་པ་རེད།

     ད་ཆ་ཤི་ལོག་སྒྲོལ་མ་ཕུགས་ལ་བསམ་བློ་མང་པོ་གཏོང་གི་ཡོད། ཁོང་གིས“བོད་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བར་གཙོ་བོ་དེ་ཕྱིར་སྐྱོད་པ་དང་ནང་དུ་འདྲེན་པར་ཐུག་ཡོད། ང་ཚོས་ཕྲུ་གུ་ཚོ་འགྲན་བསྡུར་བྱེད་པར་བཏང་ནས་ཁོང་ཚོའི་མཐོང་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ལ། རྩལ་ཁྲིད་པ་ཡག་པོ་ཡང་བོད་དུ་གདན་འདྲེན་ཞུ་རྒྱུ་ཡིན”

     བོད་ཀྱི་ལུས་རྩལ་ལ་ད་དུང་གཏིང་ཤུགས་དེ་བས་ཆེ་བ་ལྡན་ཡོད། “ང་ཚོ་ཆུང་དུས་ནས་ས་མཐོར་འཚར་ལོངས་བྱུང་བས་གློ་སྙིང་གི་ནུས་པ་གཞན་ལས་ཡག་པ་ཡོད་པ་དེ་ང་ཚོའི་ངོས་ནས་བརྗོད་ན་ལེགས་ཆ་ཞིག་རེད། དེར་བརྟེན་སྦྱོང་བརྡར་ཡག་པོ་བྱེད་པ་དང་ཉམས་མྱོང་བསགས་ཚེ་འགྲན་བསྡུར་གྱི་གར་སྟེགས་དེ་བས་ཆེ་བའི་ཐོག་སྐྱོད་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བཤད།