འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་19ཉིན།

ཧོ་པེ་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གིས།

༄༅།།བོད་ལྗོངས་མངའ་རིས་རྩྭ་མདའ་རྫོང་དུ་ཁོག་པ་གཤགས་ནས་ཕྲུ་གུ་བཙའ་བའི་གཤགས་བཅོས་ཐོག་མ་བདེ་བླག་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་19ཉིན། 14:32】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མི་དམངས་སྨན་ཁང་གིས་ཧོ་པེ་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་རམ་འོག་ཁོག་པ་གཤགས་ནས་ཕྲུ་གུ་བཙའ་བའི་གཤགས་བཅོས་ཐོག་མ་བདེ་བླག་བྱུང་བ་རེད།

     ཤེས་རྟོགས་བྱུང་བ་ལྟར་ན། སྦྲུམ་མ་ཛ་དྲག་ངང་རྩྭ་མདའ་རྫོང་མི་དམངས་སྨན་ཁང་གི་མོ་ནད་བུ་བཙའ་ཚན་ཁག་ཏུ་བསྐྱལ་ནས་བརྟག་དཔྱད་བྱས་པ་ལྟར་ན། འཕྲལ་མར་ཁོག་པ་གཤགས་ནས་ཕྲུ་གུ་བཙའ་བའི་གཤགས་བཅོས་བྱེད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་རྩྭ་མདའ་རྫོང་གི་སྨན་བཅོས་ཐོན་ཁུངས་ཁ་ཐང་བའི་དབང་གིས་མོ་ནད་བུ་བཙའ་ཚན་ཁག་གིས་དེ་གོང་ཁོག་པ་གཤགས་ནས་ཕྲུ་གུ་བཙའ་བའི་གཤགས་བཅོས་བྱེད་མྱོང་མེད། གནས་ཚུལ་དེ་འདྲའི་འོག ཧོ་པེ་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་འཕྲལ་དུ་སྦྲུམ་མའི་ནང་མིར་གཤགས་བཅོས་ཀྱི་ཉེན་ཁ་གསལ་བཤད་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་གནས་ཚུལ་སྙན་སེང་ཞུས་ནས་མོས་མཐུན་ཐོབ་རྗེས་མྱུར་དུ་གཤགས་བཅོས་བྱེད་འགོ་ཚུགས། དེ་དང་ཆབས་ཅིག་རྩྭ་མདའ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཛ་དྲག་ངང་མངའ་རིས་ས་ཁུལ་ལྟེ་གནས་ཟུངས་ཁྲག་ས་ཚིགས་དང་འབྲེལ་བ་བྱས་ནས་ཆེད་སྤྱོད་རླངས་འཁོར་མངགས་ཏེ་གྲབས་སྤྱོད་ཟུངས་ཁྲག་དབོར་བ་རེད། གྲབས་སྤྱོད་ཟུངས་ཁྲག་བསྐྱལ་རྗེས་གཤགས་བཅོས་དངོས་སུ་བྱེད་འགོ་ཚུགས།

     ཧོ་པེ་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གི་ལས་དོན་པས་བརྒྱུད་རིམ་གསེད་བཀྲོལ་བྱེད་ཞོར་ས་ཡུལ་དངོས་སུ་ཡུལ་དེའི་སྨན་དོན་པར་མཛུབ་ཁྲིད་བྱས་ཏེ་གོ་རིམ་རེ་རེ་གནད་ལ་འཁེལ་ཞིང་ནོར་འཁྲུལ་མེད་པར་བྱས་ཤིང་། སྐར་མ་30ལྷག་ཙམ་གྱི་རིང་ཛ་དྲག་གི་གཤགས་བཅོས་བྱས་པ་བརྒྱུད། སྦྲུམ་མར་སྲོག་ཉེན་མེད་པའི་ཁར་ཕྲུ་གུའི་སྙིང་འཕར་ཚད་ཀྱང་རྒྱུན་ལྡན་ཡིན་པས། གཤགས་བཅོས་ལེགས་གྲུབ་བྱུང་བ་རེད།

     “མ་བུ་བདེ་ཐང་བྱུང་ན། ང་ཚོས་དཀའ་སྡུག་ཇི་ཙམ་མྱངས་ཀྱང་མྱོང་རིན་ཡོད། ཧོ་པེའི་བོད་སྐྱོར་སྨན་པ་ཞིག་གི་ངོས་ནས་ལག་རྩལ་སློབ་པ་དང་བདེ་ཐང་སྲུང་བ་ནི་ང་ཚོ་ས་མཐོར་ཡོང་བའི་ཐོག་མའི་བསམ་འདུན་ཡིན”ཞེས་ཧོ་པེ་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་བཤད།