གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་19ཉིན། 14:23】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉིན་ཤས་གོང་། གསར་འགོད་པར“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་གྲུབ་འབྲས་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཞིང་ལས་དང་གྲོང་གསེབ་ཀྱི་ཆེད་དོན་འདུ་ཚོགས་ནས་ཤེས་རྟོགས་བྱུང་བར། 2021ལོར་ལྗང་མདོག་སྐྱེ་ལྡན་འབྲོག་ལས་ཐོན་རྫས་ཕྱིར་ཚོང་བྱས་ཚུན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་བཏང་སྟེ་ཚན་རྩལ་གསར་གཏོད་དང་། རྩྭ་ཕྱུགས་དོ་སྙོམས། གཉེར་སྐྱོང་ལམ་སྲོལ། ལྗང་མདོག་འཁོར་རྒྱུག་སོགས་ཀྱི་ཐད་གསེར་ཆེན་རྫོང་གི“7+5”ཡི་ཕྱུགས་རིགས་གསོ་སྟངས་དང་། རྩེ་ཁོག་རྫོང་གི“སྦྲ་དཀར”མ་རྐང་མཉམ་ལས་ལམ་ལུགས། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི“འོད་ཤུགས་ས་ཚིགས་བར་ལ་ལུག་འཚོ་བའི”སྐྱེ་ཁམས་འབྲོག་ར། ཁྲི་ཀ་རྫོང་གི་གཟན་རྩྭ་འཁོར་རྒྱུག་འཁོར་འབྲེལ་སོགས་ཚོད་ལྟའི་དཔེ་མཚོན་གྱི་ཉམས་མྱོང་ཁག་ཅིག་བསགས་ནས་མཐོ་གྲང་འབྲོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་ལས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་དཔེ་ལྟ་ཆོག་པའི“མཚོ་སྔོན་གྱི་བྱེད་སྟངས”བཏོན་པས། མཚོ་སྔོན་གྱི་འབྲོག་ལས་ལྗང་མདོག་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད།
མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་རྩྭ་ཐང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ཚོད་ལྟ་གོ་སྐབས་སུ་བྱས་ནས། སྔོན་ལ་གསེར་ཆེན་རྫོང་དང་། རྩེ་ཁོག མདའ་བཞི། དར་ལག་བཅས་རྫོང་4ལ་ཐོན་བརྟན་འབབ་ཆེའི་གཟན་རྩྭ་སྤུས་ལེགས་རྟེན་གཞི་དང་། དེང་རབས་ཅན་གྱི་གཞི་ཁྱོན་གསོ་སྤེལ་རྟེན་གཞི། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གཟན་རྩྭ་གསོག་འཇོག་སྐྱེལ་འདྲེན་མ་ལག་སོགས“ལས་གྲྭ་ཆེན་པོ་ལྔ”སྐྲུན་ནས་རྩྭ་ཐང་གི་སྐྱེ་ཁམས་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད།
ཕྱོགས་གཞན་ཞིག་ནས་ཞིང་ཆེན་ཡོངས་ཀྱིས་དུད་ཚང་ལ་རྩྭ་ཐང་སྤྱི་ཆིང་ཁྲི་3973འགན་གཙང་སྤྲད་ནས་རྩྭ་ཕྱུགས་དོ་སྙོམས་དང་རྩྭ་བཀག་ཕྱུགས་བཀག་སོགས་ཀྱི་བྱ་ཐབས་ལག་ལེན་ནན་པོ་བསྟར་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རིམ་རྩིས་བརྒྱབ་ན་བྱ་དགའི་ཁ་གསབ་དངུལ་སྒོར་དུང་ཕྱུར་144.73སྤྲད་པར་ཞིང་ཆེན་ཡོངས་ཀྱི་འབྲོག་དུད་ཁྲི་76.51ཡི་མི་གྲངས་ཁྲི་326.2ལ་ཕན་པ་ཐོབ་སྟེ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། དེ་དང་ཆབས་ཅིག་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཡོང་བར་ཤུགས་སྣོན་བརྒྱབ་ནས“རྩྭ་ཁར་གཞིགས་ནས་ཕྱུགས་གྲངས་གཏན་འཁེལ”གྱི་བྱེད་སྟངས་ཁྱབ་གདལ་བཏང་སྟེ། ཆ་འགྲིག་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་དང་། རང་བྱུང་རྩྭ་རའི་གནོན་ཤུགས་ཆུང་དུ་གཏོང་བ། “འབྲུ་འདེབས་སར་གཟན་རྩྭ་འདེབས་པ” “སྤུས་ལེགས་ཐོན་ཆེའི་རྩྭ་འབུ་སུ་ཧང”སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བའི་ཐོག“མཚེར་སར”རྩྭ་འདེབས་ལ་ལྕག་སྐུལ་གཏོང་བ་དང་། “ས་སྒྲོལ”རྩྭ་འདེབས་འཚོལ་ཞིབ། “ཡུལ་གཞན་གྱི་འབྲོག་ར་གཡར་བ” སྲན་འབྲུ་སྣོལ་འདེབས་སོགས་ཀྱི་ལག་རྩལ་ཁྱབ་གདལ་བཏང་ནས། བ་ཚྭའི་ས་ཆ་གསར་སྤེལ་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ་གཟན་རྩྭ་འདེབས་པར་ཞིབ་འཇུག་གཏིང་ཟབ་བྱས་ནས། གཟན་རྩྭ་འདེབས་འཛུགས་ཀྱི་རྒྱ་ཁྱོན་དང་འཚོལ་ལམ་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གཟན་རྩྭ་འདེབས་ཁྱོན་སྤྱི་ཆིང་ཁྲི་15.33བརྟན་པོར་གནས་ཐུབ་པ་བྱས་པས། རང་བྱུང་རྩྭ་རར་ཕྱུགས་འཚོ་བའི་གནོན་ཤུགས་ཆུང་དུ་ནུས་ལྡན་ཕྱིན་པ་མ་ཟད། རང་བྱུང་རྩྭ་རའི་སྐྱེ་ཁམས་ཀྱང་ཉམས་ཞན་དུ་མི་འགྲོ་བ་བྱུང་ཡོད།