གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་18ཉིན། 09:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་དང་འབྲེལ་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྲིམས་སྐྱོང་ཀྱི་ངེས་གནས་དང་། ཁྲིམས་སྐྱོང་གི་བཀོད་པ། ཁྲིམས་སྐྱོང་ལག་བསྟར་ནན་པོ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་བྱེད་དགོས་པ་ཁ་གསལ་བཏོན་གནང་བ་དང་འབྲེལ། དེ་ཉིད“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཁྲོད་བཞག་ནས་སྐུལ་འདེད་ནུས་ལྡན་བཏང་བས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་མཆོང་སྐྱོད་གསར་པ་ཡོང་བར་སྐུལ་འདེད་ཐུབ་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་གིས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ཕུན་སུམ་ཚོགས་པའི་ལག་ལེན་དང་རྩ་ཆེའི་ཉམས་མྱོང་གི་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་ཞིག་ཀྱང་ཡིན་པ་དེ་ལས་རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་དང་མིའི་རིགས་ཀྱི་ཁྲིམས་སྐྱོང་ཤེས་དཔལ་འཕེལ་རྒྱས་གཏོང་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་སླེབས་པ་མཚོན་ཡོད་ལ། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་འཕེལ་རྒྱས་གཏོང་ཆེད་ཐོག་མའི་གསར་རྩོམ་རང་བཞིན་དང་འདུས་གྲུབ་རང་བཞིན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཏེ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་གི་ལམ་བུར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།
《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོའི་ནང་། བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་12པ་ནས་2025ལོའི་ཟླ་2པའི་བར་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་སྐོར་གྱི་ཆེས་གལ་ཆེ་དང་ཆེས་གཞི་རྩའི་གསུང་རྩོམ་བསྡུས་ཡོད་པ་དག་དུས་ཚོད་ཀྱི་གོ་རིམ་ལྟར་བསྒྲིགས་ཤིང་། སྙན་སྒྲོན་དང་། གསུང་བཤད། གཏམ་བཤད། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཀྱི་གསུང་རྩོམ་ཁྱོན་69ཡོད་པ་དང་། གསུང་རྩོམ་ཁག་གཅིག་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་རེད།
《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དབང་གྲགས་ལྡན་པའི་བསླབ་གཞི་མཁོ་འདོན་བྱས་ཡོད་ལ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་སྐྱོད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་འགན་སྲུང་ནུས་ལྡན་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།