འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་18ཉིན།

༄༅།།ཀན་སུའུ་ཡིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ།

ཟླ་དང་པོ་ནས་བཅུ་པའི་བར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་8.1%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་18ཉིན། 09:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཏུང་ཧུང་ལེང་། ཝང་ཅིན་ཐའོ།

    ཟླ་11ཚེས་14ཉིན་གྱི་དགོང་མོར། ཀན་སུའུ་ཏུན་ཧོང་གྲོང་ཁྱེར་གྱི་རྒྱུན་དུ་འཁྲབ་སྟོན་བྱེད་པའི་ཁང་པའི་ནང་ཡུལ་ལྗོངས་ཉམས་ལེན་ཟློས་གར་ཆེ་གྲས《སླར་ཡང་ཏུན་ཧོང་མཇལ་བྱུང》ལ་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད།

     འཁྲབ་སྟོན་གྱི“རྒྱུགས་འབོར”ཆེ་རུ་བཏང་ནས་ཡུལ་སྐོར་བའི“ཡིད་དབང་འགུག་ཤུགས”གསར་གཏོད་བྱས་པ། འདི་ལོ་ཚུན་དུ། ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“སྒྱུ་རྩལ་དང་མཉམ་དུ་ཀན་སུའུ་དུ་ཡུལ་སྐོར་ལ་སྐྱོད”སོགས་རིམ་སྤེལ་སྤུས་རྟགས་བྱེད་སྒོ་སྤེལ་ཞིང་། རིམ་སྤེལ་བྱེད་སྒོ་ཆེ་གྲས་ཁག་20ལྷག་ཙམ་སྤེལ་བ་དང་རིག་རྩལ་འཁྲབ་སྟོན་ཐེངས་60ལྷག་ཙམ་བྱས་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་ཁྱོན་མི་ཐེངས་དུང་ཕྱུར་4.57ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་འགྲོ་གྲོན་སྒོར་དུང་ཕྱུར་3596ཟིན་པ་དེ་དུས་མཚུངས་ལས་8.1%དང་13.3%སོ་སོར་འཕར་ཡོད།

     2024ལོའི་ཟླ་བ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས“རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས་རིག་གནས་ཡུལ་སྐོར་ལས་རིགས་དེ་ཀ་རྟེན་ཐོན་ལས་ཤིག་ཏུ་གཏོད་དགོས”ཞེས་ནན་བཤད་གནང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། རིག་གནས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ་འདོན་དགོས་པའི་གྲོས་འགོ་བཏོན་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀན་སུའུ་ཡིས་ས་ཁོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཤུགས་ཆེ་རུ་བཏང་ཞིང་། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་འཛུགས་གཏོད། རིག་རྩལ་གྱི་བརྩམས་ཆོས་རྩེ་གྲ་གསར་རྩོམ་སོགས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    ཐོན་ཁུངས་བེད་སྤྱོད་ཡག་པོ་བྱུང་བ།

    ས་རུབ་པ་དང་སྦྲགས། ཅ་ཡུས་ཀོན་གྱི་ཀོན་ཁྲེང་ནས་གློག་འོད་ཁྲ་ལྷམ་མེར་འཕྲོ་ཞིང་། མཚན་མོའི་ཡུལ་སྐོར་གྱི་གློག་འོད་ཟློས་གར《གནམ་འོག་གི་ཅ་ཡུས་ཀོན》ཞེས་པ་དེ་ཀོན་ཁྲེང་གི་དེ་སྔའི་གནས་ཡུལ་གཞི་རྟེན་དུ་བྱས་ནས་སྐུལ་འོད་བརྙན་སྟོན་དང་ཡུལ་ལྗོངས་དངོས་འཁྲབ་སྟོན་སོགས་ཀྱི་རྣམ་པ་སྤྱད་དེ་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

     ཉིན་མོ་ཀོན་ཁྲེང་དང་མཚན་མོ་ལྕགས་རི་རིང་པོར་བསྐྱོད་པ།“སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བའི་རྨང་གཞིའི་ཐོག་ང་ཚོས་ལྕགས་རི་རིང་པོའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཧུར་ཐག་བྱེད་ཀྱི་ཡོད”ཅེས་དང་། ན་ནིང་ཅ་ཡུས་ཀོན་གྱི་རིག་དངོས་མཛེས་ལྗོངས་ཁུལ་དུ་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་379ལས་བརྒལ་བ་དེ་དུས་མཚུངས་ལས་34.74%འཕར་ཡོད་ཅེས་ཅ་ཡུས་ཀོན་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཧྲུའུ་མེ་ཡིས་བརྗོད།

     བྲག་ཕུག་ལྷ་ཁང་དང་། ལྕགས་རི་རིང་པོ། གནའ་གྲོང་གནས་ཡུལ། གནའ་བོའི་འཛུགས་སྐྲུན་དངོས་རིགས་སོགས་རིག་གནས་དང་རང་བྱུང་ཤུལ་བཞག་གཙོ་གནད་དུ་བྱས་ཏེ་ཀན་སུའུ་ཡིས་ཅ་ཡུས་ཀོན་ལྕགས་རི་རིང་པོའི་རྒྱལ་ཁབ་རིག་དངོས་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་སོགས་རྣམ་གྲངས་ཁག་90ལྷག་ཙམ་ལ་བདེ་བླག་ངང་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག རྨ་ནུབ་དོག་ལམ་རྒྱལ་ཁབ་ཤུལ་བཞག་ལམ་ཐིག་སྐྲུན་མགྱོགས་སུ་གཏོང་བཞིན་ཡོད།

    ལས་རྣམ་མང་དུ་ཕྱིན་པ།

    ཀན་སུའུ་ཡི་རིག་གནས་དང་ཡུལ་སྐོར་གྱི་རྣམ་པ་གསར་པ་མུ་མཐུད་ཐོན་པ།

     ལག་རྩལ་རིམ་སྤོར། དབྱིངས་ཞུགས་ཉམས་ལེན་ཟློས་གར《སྤྲོ་འཕེལ་ཏུན་ཧོང》ཞེས་པར་ཆ་འཕྲིན་ཀུན་གསལ་བརྙན་སྟོན་སོགས་ཀྱི་ལག་རྩལ་སྤྱད་དེ་མཁའ་དབྱིངས“ཞབས་བྲོ”འཁྲབ་སྟོན་བྱས་ཡོད།

རྣམ་པ་གསར་གཏོད། ལག་པར་འགག་སྒྲོལ་ལམ་ཡིག་ཁྱེར་ནས་ཅ་ཡུས་ཀོན་གྲོང་བསྒྲལ་ཏེ་ནུབ་རྒྱུད་དུ་སྐྱོད་པའི“འགག་སྒྲོལ”གནའ་བོའི་སྤྲོ་སྣང་མྱོང་ཚོར་བྱས་ཡོད།

    ས་མཚམས་ལས་བརྒལ་བའི་མཉམ་འདྲེས། མིང་ཧྲ་རི་རྩེ་དང་ཆུ་མིག་ཟླ་ཚེས་མའི་འགྲམ་དུ“མི་ཁྲི་སྟོང་གི་སྐར་ཚོགས་བཀྲ་བའི་ནམ་མཁའི་གླུ་གར་འཁྲབ་སྟོན”ལ་རོལ་ཡོད།

     ཚན་རྩལ་གྱི“བཞུར་ཚད”ལས་རིག་གནས་ཡུལ་སྐོར་གྱི“འཕར་ཚད”བྱུང་བ། ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འཕེན་གཏོང་ལ་བལྟས་པ་དང་འཇིག་རྟེན་འཕུར་སྐྱོད་པའི་སྦྱོང་བརྡར་རྣམ་གྲངས་ཉམས་ལེན་བྱས་པ། ཅིན་ཁྲང་གི“མིག་དམར་རྟེན་གཞི་ཨང་དང་པོར”སུར་པན་དང་ཆེ་ཙེ་སོགས་ཆུ་གསོ་རྩི་ཤིང་ཇི་ལྟར་བྱས་ནས་མིག་དམར་གྱི་ཁོར་ཡུག་ལ་ལད་ཟློས་བྱེད་པའི་ཁྲོད་འཚར་ལོངས་ཡོང་བར་ལྟ་ཞིབ་བྱས་པ་ལ་སོགས།

     རྣམ་གྲངས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོན་ལས་ཁྱུ་ཚོགས་སྐྱེད་སྲིང་བྱས་ཏེ། ཀན་སུའུ་ཡིས་རིག་གནས་ཡུལ་སྐོར་གྱི“ཆེན་པོ་དང་། སྟོབས་ཆེན། མགོ་གནས་བཅས་ཀྱི་ཁེ་ལས་ནང་འདྲེན”བྱ་སྤྱོད་སྤེལ་བ་དང་། རིག་གནས་ཡུལ་སྐོར་ཁེ་ལས་ཀྱི“ལོ་གསུམ་ལྡབ་འཕར”འཆར་གཞི་བཟོས་ཡོད། ད་ལོའི་ཟླ་10པའི་གོང་། ཞིང་ཆེན་ཡོངས་ཀྱིས་རིག་གནས་དང་ཡུལ་སྐོར་གྱི་གཙོ་གནད་རྣམ་གྲངས་ཁྱོན་634ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་213.29བཏང་བ་དེ་དུས་མཚུངས་ལས་17.39%འཕར་བ་དང་། ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་ཐེངས་853སྤེལ་བ། རིག་གནས་ཡུལ་སྐོར་རྣམ་གྲངས་ཁག་469ལ་གན་རྒྱ་བཞག་པར་གན་འཇོག་དངུལ་གྲངས་སྒོར་དུང་ཕྱུར་681.32ཟིན་ཡོད།

    གྲོང་གསེབ་ཕྱུག་པོར་གྱུར་པ།

    ཅ་ཡུས་ཀོན་ཀོན་གྲོང་དང་བར་ཐག་སྨི་བརྒྱ་ཕྲག་ཁ་ཤས་ཡོད་པའི་ཅ་ཡུས་ཀོན་གྲོང་ཁྱེར་ཅ་ཡུས་ཀོན་གྲོང་ཚོར་འཁྲུག་ཆ་ཤིན་ཏུ་དོད་ཅིང་། གྲོང་གསེབ་རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་ཐོན་ལས་ལ་གྲོང་ཚོ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་80%འདུས་པ་དང་ན་ནིང་མི་རེའི་ཆ་སྙོམས་ཡོང་འབབ་2019ལོ་ལས་སྒོར་9800ཙམ་འཕར་ནས་སྒོར་30827ཟིན་ཡོད།

    གྲོང་གསེབ་དེ་ཉིད་ཡུལ་སྐོར་བྱ་ཡུལ་གཙོ་བོར་གྱུར་པ། ཀན་སུའུ་ཡི་ཡུལ་སྐོར་ཐོན་ཁུངས་ཀྱི་བཅུ་ཆ་བདུན་གྲོང་གསེབ་ཏུ་གཅིག་སྡུད་བྱས་ཡོད་པ་དང་། བྲག་ཕུག་ཏུ་བསྡད་ནས“བྲག་ཕུག་ཀོག་ཧྥེ”ཡི་བྲོ་བ་མྱོང་བ་དང་། ཇ་ཞིང་དུ་བསྐྱོད་དེ་ཇ་ལོ་འཐུ་བ་དང་ཇ་བཟོ་བ་ལ་སོགས་ཉམས་ལེན་བྱེད་ཐུབ། ཀན་སུའུ་ཡིས“གྲོང་ཚོ་རེ་ལ་ཐོན་རྫས་རེའི”ཁྱད་ལྡན་གྲོང་གསེབ་གསོ་སྐྱོང་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་30དང་རིག་གནས་ཡུལ་སྐོར་དར་རྒྱས་གྲོང་གསེབ་ཀྱི་དཔེ་མཚོན་གྲོང་ཚོ་300བཏོད་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཀན་སུའུ་ཡིས་ཡུལ་བབ་དང་དུས་བབ་ལ་བསྟུན་ནས་མངོན་གསལ་དོད་པའི་ཀན་སུའུ་ཡི་གཞི་རྒྱུ་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རྣམ་ཧུར་ཐག་བཏོད་དེ། ཡུལ་སྐོར་བར་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཉམས་ལེན་དང་སྤྲོ་གསེང་གུང་གསེང་ཐོན་རྫས་མཁོ་འདོན་བྱེད་པའི་ཁར་ཡུལ་སྐོར་བའི་ཡིད་དབང་འགུག་པ་དང་འཛད་སྤྱོད་ཀྱི་བར་མཐོངས་སྔར་བས་རྒྱ་སྐྱེད་བཏང་ནས། རིག་གནས་ཡུལ་སྐོར་ཐོན་ལས་དེ་ཐུན་མོང་འབྱོར་ཕྱུག་ཡོང་བའི་བགྲོད་ལམ་ཐོག་གི་བདེ་སྐྱིད་ཐོན་ལས་ཤིག་ཏུ་བསྐྲུན་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་གི་ཡིན”ཞེས་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་བརྗོད།