འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་17ཉིན།

༄༅།།བྱང་བུ་ཕབ་ནས་ཁུར་པོ་ཡང་དུ་བཏང་བ་ལས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཕན་འབྲས་གསར་པ་མངོན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཧྲུའོ་པེ། ཀྲའོ་ཅིན་ཧྥུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་17ཉིན། 09:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    “རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཁྱད་བསད་བྱེད་དགོས”

     — 2019ལོའི་ཟླ་8ཚེས་22ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་བ།

     “གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་ནས་གཞི་རིམ་ལས་བྱེད་པའི་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐོག་འཇོག་ཐུབ་པ་བྱེད་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཐེག་པ་འཁུར་ལེན་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་ལྕག་གནང་ཡོད།

     2024ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅིས་ཧུའུ་པེར་རྟོག་ཞིབ་གནང་སྐབས། ཧྥན་ཅ་དབན་གྲོང་རྡལ་སི་དབྱི་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་སྤྱོད་ཚུལ་ཐད་ཀྱི་རྩ་བའི་འགྱུར་ལྡོག་ཞིག་བཏོན་གནང་བ་སྟེ། “སྔོན་མ་མང་ཚོགས་ལ་བྱ་བ་སྒྲུབ་དགོས་པའི་བླང་བྱ་མང་པོ་འདོན་པ་དང་ད་ཆ་ཏང་ཡོན་ལས་བྱེད་པ་ཚོས་མང་ཚོགས་ཆེད་བྱ་བ་མང་པོ་སྒྲུབ་པ་དང་ཞབས་འདེགས་ཞུ་གི་ཡོད”

     ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཆིང་ཧྲུའེ་ཧོ་རྫོང་དུ་བྱང་བུ་ཕབ་ནས་ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་ཀྱིས་འགྱུར་ལྡོག་དེར་ར་སྤྲོད་བྱེད་བཞིན་ཡོད།

    དེའི་སྐོར་གླེང་ན། 2024ལོའི་ལོ་འགོར་ཆིང་ཧྲུའེ་ཧོ་རྫོང་ཡའོ་ཀོའུ་ཤང་པུའུ་ཁྲན་ཝ་གྲོང་ཚོའི་གྲོང་མི་ཀྲང་ཙེང་ཞའོ་ལ་རེ་བ་ཆུང་ཆུང་ཞིག་ཡོད་པ་ནི། རང་ཉིད་ལོ་70ལྷག་ཙམ་ལ་སླེབས་པ་དང་རྐང་ལག་ཐང་པོ་མེད་པས་ཁྱིམ་ཚང་གི་ས་ཞིང་མུའུ་35ལ་གཡོག་བྱེད་ཐབས་བྲལ་བར་བརྟེན་ས་ཞིང་ནང་བཤུག་བཏང་ནས་རིན་གོང་ཡག་པོ་རག་ན་བསམས་པ་དེ་ཡིན།

     དེའི་སྐོར་སྐད་ཆ་དྲིས་རྗེས། ཀྲང་ཙེང་ཞའོ་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་འགྲོ་ལུགས་གཉེར་བར་བསྐྱོད། འགྲོ་ལུགས་གཉེར་སར་སྐར་ཁུང་ལྔ་ཙམ་ཡོད་པ་དང་བྱང་བུ་མང་པོ་བཀལ་ཡོད་ཀྱང་འགྲོ་ལུགས་གཉེར་མཁན་མ་རྙེད།

     གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཧན་ཡུང་ཤིན་གྲོང་ཁྱེར་དུ་ཚོགས་འདུར་ཕྱིན་པ་དང་གྲོང་ཚོའི་ལས་བྱེད་པ་གཞན་དག་ལའང་རང་རང་གི་ལས་ཀ་བྱེད་དགོས་ཀྱི་ཡོད།

    ཀྲང་ཙེང་ཞའོ་ཡིས་ཧན་ཡུང་ཤིན་ལ་ཁ་པར་བརྒྱབ་སྟེ། “ཨ་ཁུ་ལགས། ད་ལྟ་ང་ཚོའི་གྲོང་ཚོའི་མཉམ་ལས་ཁང་ནས་ས་ཞིང་ནང་བཤུག་གི་འགྲོ་ལུཌ་གཉེར་ཐབས་བྲལ། གཉེར་ཆོག་པའི་སྐབས་སུ་ངས་ཁྱེད་ལ་བརྡ་ཐོ་བཏང་ཆོག”ཅེས་བརྗོད།

     ཀྲང་ཙེང་ཞའོ་དང་འདྲ་བར་པུའུ་ཁྲན་ཝ་གྲོང་ཚོར་ལོ་60ཡན་ལ་སླེབས་པའི་ཡུལ་མིས་80% ཙམ་ཟིན་ཞིང་། ལོ་ན་མཐོ་དྲགས་པས་ཞིང་ལས་བྱེད་ཐབས་བྲལ་བར་བརྟེན། ས་ཞིང་ནང་བཤུག་གཏོང་འདོད་བྱེད་མཁན་མི་ཉུང་བ་ཞིག་ཡོད།

    ཧན་ཡུང་ཤིན་ལའང་བརྗོད་པར་དཀའ་བའི་སེམས་ནད་ཡོད་ཅིང་། སྐབས་དེ་དུས་གོང་རིམ་སྡེ་ཚན་གྱིས་གྲོང་ཚོར་བྱང་བུ་10ལྷག་ཙམ་དང་མཚོན་རྟགས་30ལྷག་ཙམ་བཀལ་བ་་དང་། ལས་བྱེད་པ་རྣམས་རང་འཁྲིའི་ལས་ཀ་བྱེད་དགོས་པ་ཕུད། ད་དུང་རྩིས་ཁྲ་ལེགས་སྒྲིག་དང་ཚོགས་འདུ་དང་སློབ་སྦྱོང་སོགས་ལས་ཀ་གཞན་བྱེད་དགོས་པས། གྲོང་ཚོའི་ལས་བྱེད་པར་སྒྲུབ་མི་ཚར་བའི་ལས་ཀ་མང་པོ་ཡོད་པའི་ཚོར་སྣང་ཡོང་གི་ཡོད།

     “ས་ཞིང་ནང་བཤུག་གཏོང་བར་དཀའ་ལས་དེ་ཙམ་མེད། འོན་ཀྱང་རྒྱུན་མཐུད་དགོས་ཚེ་ལས་སླ་པོ་གཏན་ནས་མེད་དེ། གཅིག་ནས་ང་ཚོར་ཚར་རྒྱུ་མེད་པའི་ལས་ཀ་ཡོད་པ་དང་། གཉིས་ནས་གལ་ཏེ་ཡག་པོ་སྒྲུབ་མ་ཐུབ་ཚེ། མི་སེར་ཚོས་འཁང་ར་བྱེད་སྲིད”ཅེས་ཧན་ལགས་ཀྱིས་ཞའོ་ལི་ལ་དེ་ལྟར་བརྗོད། བྱང་བུ་བཅུ་པོ་དེ་དག་བཀལ་རྗེས་གྲོང་ཚོའི་ལས་བྱེད་པར་འགན་འཁྲི་མི་འདྲ་བ་དང་གནོན་ཤུགས་གསར་པ་འཕྲད་པས་སྐབས་རེ་ག་བྱེད་འདི་བྱེད་མེད་པར་གྱུར་གྱི་ཡོད།

     2019ལོ་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི“གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ་རེད” ལོ་དེའི་ཟླ་བ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས། “རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་ཚུལ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

      2024ལོའི་ཟླ་བ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། གྲོང་ཚོའི་ལས་བྱེད་པས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བྱང་བུ་ཐོག་མའི་རྐང་38ནས་ད་ལྟའི་རྐང་12བར་ཉུང་དུ་ཕྱིན་པའི་སྐོར་སྙན་སེང་ཞུས་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ཏང་ཀྲུང་དབྱང་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཏེ། ཁུ་བསྡུའི་བྱེད་ཐབས་སྤྱད་ནས་ལས་དོན་འདིར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱེད་དགོས”ཞེས་གསུངས་པ་རེད།

     2024ལོའི་ཟླ་བ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག》ལ་གྲོས་ཞིབ་བྱས་པ་རེད། དེ་ནི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་ཏེ་བཏོན་པའི་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལམ་ལུགས་ཀྱི་ཚད་གཞི་ཐོག་མ་དེ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་གནད་སྨིན་ཇུས་བསྟར་བྱས་ནས། དབང་ཆ་དང་འགན་འཁྲིའི་མ་ལག་ཁ་གསལ་བཟོས་ཏེ་གཞི་རིམ་ལས་བྱེད་པའི་ཁུར་པོ་ཡང་དུ་གཏོང་བ་དང་སེམས་ཁྲལ་སེལ་བ་དང་། དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་ཁོང་ཚོའི་ཐེག་པ་ཁུར་ལེན་ལ་ལྕག་སྐུལ་བྱས་ཡོད།

      གཞི་རིམ་དུ་བྱང་བུ་མང་པོ་བཀལ་བ་དང་ལས་ཀ་མང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ནང་སོག་གིས་འགག་སྒྲོལ་ཇུས་གཞི་བཟོས་ཏེ་ཞིབ་ཕྲའི་བྱ་ཐབས་ཁག་22ཁ་གསལ་བཏོན་ནས། གྲོང་ཚོས(སྲིད་འཛིན་གྲོང་ཚོ་དང་སྡེ་ཁུལ)ཆ་སྙོམས་ལས་དོན་ཁག་60ཙམ་ཉུང་དུ་གཏོང་བར་སྐུལ་འདེད་བཏང་བ་དང་། མཚོན་རྟགས་དང་བྱང་བུ་ཁྲི་5.3ཕབ་པ་རེད།

      ཧྲང་ཧའེ་ཡིས་ངོ་སྤྲོད་ཉུང་གཏོང་དང་། མ་ལག་ཉུང་གཏོང་། དཔྱད་ཞིབ་ཉུང་གཏོང་། སྒོ་བྱང་ཉུང་གཏོང་བཅས“ཉུང་གཏོང་བཞིའི”བྱ་སྤྱོད་སྤེལ་ཏེ། “སོར་རྩེའི་ཕྱི་ཚུལ་རིང་ལུགས”ཡོ་བསྲང་དང་བཅོས་སྒྲིག་བྱ་རྒྱུ་དེ་ཚད་བརྒལ་བྱེད་སར་བྱས་ཡོད། ཁྲུང་ཆིང་གིས“རེའུ་མིག་གཅིག་གིས་འཐུས་པའི”རིག་ནུས་སྙན་ཞུའི་རེའུ་མིག་སྤྱད་ནས། གཞི་རིམ་གྱི་སྙན་ཞུའི་རེའུ་མིག་གི་གྲངས་ཚད་དང་། སྙན་ཞུའི་རེའུ་མིག་ཐག་གཅོད་བྱས་པའི་དུས་ཚོད། སྙན་ཞུའི་རེའུ་མིག་ནང་ཞུགས་མཁན་གྱི་ལས་དོན་པའི་གྲངས་འབོར་བཅས་60%ཡན་ཉུང་དུ་བཏང་ཡོད། ཡུན་ནན་གྱིས་ཕྱོགས་བསྡུས་ལས་རྗེས་ལ་དཔྱད་ཞིབ་དང་ཆེད་དོན་དཔྱད་ཞིབ་སོགས་རིམ་ཁག་དམིགས་ཚད་སྔར་བས་ཉུང་དུ་བཏང་བ་སོགས། ས་ཁུལ་ཁག་གིས་གྲོང་ཚོའི(སྡེ་ཁུལ)གཞུང་ལས་ཁུལ་གྱི་ཕྱི་རོལ་དུ་བྱང་བུ་4ནས་6བར་སྤྱོད་རྒྱུ་ཚད་ལྡན་དུ་བཏང་བ་དང་། ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་དོན་ཚན་གྱི་གྲངས་འབོར་ཡང་ལོ་རེ་བཞིན་ཉུང་དུ་བཏང་བས། ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།