གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་15ཉིན། 09:32】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཞོན་ནུ་རྒྱ་རིག་པ་མཁས་ཅན་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ཀྲུང་ཕྱིའི་ཤེས་དཔལ་མཉམ་འདྲེས་ཀྱི་ཕོ་ཉ་ཡག་པོ་ཞིག་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
ཞི་ཅིན་ཕིང་གིས། ཁྱེད་ཚོ་རྒྱ་ཡིག་ལ་དགའ་ཞེན་དང་ཀྲུང་གོའི་རིག་གནས་ལ་དགའ་ཞེན་ཆེ་བ་མ་ཟད། རྒྱ་རིག་པའི་ཞིབ་འཇུག་དང་ཤེས་དཔལ་མིག་ལྟོས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལའང་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་ཤེས་བྱུང་། ངས་དེར་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས། རྒྱ་རིག་པ་ནི་ཀྲུང་གོ་ནས་དར་བ་དང་འཛམ་གླིང་ལ་གཏོགས་པ། དེ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བསམ་པའི་རྒྱུ་ནོར་རེད། ཁྱེད་ཚོས་མུ་མཐུད་རྒྱ་རིག་པ་དང་འགྲོགས་པ་དང་། ཀྲུང་གོ་དང་མཉམ་སྐྱོད་ཀྱིས་ཞིབ་འཇུག་དང་འཆད་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས། འཛམ་གླིང་ལ་མངོན་གསུམ་དང་ཇི་མ་ཇི་བཞིན་ཀྲུང་གོ་ངོ་སྤྲོད་བྱེད་པ་དང་ཀྲུང་ཕྱིའི་ཤེས་དཔལ་མཉམ་འདྲེས་ཀྱི་ཕོ་ཉ་ཡག་པོ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
ཟླ་11ཚེས་14ཉིན་ནས་ཚེས་16ཉིན་བར། 2025ལོའི་འཛམ་གླིང་རྒྱ་ཡིག་ཚོགས་ཆེན་པེ་ཅིང་དུ་ཚོགས་བཞིན་ཡོད། ཉེ་དུས་གདན་ཞུས་ལྟར་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་51གི་གཞོན་ནུ་རྒྱ་རིག་པ་མཁས་ཅན་61གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས་ཀྲུང་གོར་ཞིབ་འཇུག་བྱས་པའི་བརྒྱུད་རིམ་དང་མྱོང་ཚོར་མཉམ་སྤྱོད་བྱས་ཏེ། ཀྲུང་གོའི་རིག་གནས་ལ་སྔར་བས་ཞིབ་འཇུག་ཡག་པོ་དང་ཤེས་དཔལ་སྤེལ་རེས་ཀྱི་འབྲེལ་ཟམ་གྱི་ནུས་པ་འདོན་རྒྱུའི་འདུན་པ་མཚོན་པར་བྱས་པ་རེད།