གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་15ཉིན། 09:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོ་མོ་རོའི་ཙུང་ཐུང་ཨ་ཀྲ་ལི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ནི་ཁོ་མོ་རོ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་དང་པོ་དེ་ཡིན། དུས་རབས་ཕྱེད་ཀ་ཚུན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་དང་ཁོ་མོ་རོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་ཟབ་ཏུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། རྒྱལ་ཁབ་ཆེ་ཆུང་དབར་ལྟ་སྟངས་འདྲ་མཉམ་འཛིན་པ་དང་མཐུན་སྒྲིལ་རོགས་རེས་བྱེད་པའི་དཔེ་མཚོན་བཏོད་ཡོད། ངས་ཀྲུང་གོ་དང་ཁོ་མོ་རོའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཨ་ཀྲ་ལི་དང་ལྷན་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བརྩིས་ཏེ་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཁོ་མོ་རོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
ཨ་ཀྲ་ལི་ཡིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་། ཁོ་མོ་རོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་གཅིག་འཛིན་ནས་མཛའ་གྲོགས་ཟབ་ཏུ་བཏང་བ་བརྒྱུད། ཕྱོགས་གཉིས་པོའི་གཡུར་དུ་ཟ་བའི་མཉམ་ལས་ཀྱི་གྲུབ་འབྲས་ལས་ཁོ་མོ་རོའི་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་དང་ཟང་ཟིང་ཆེ་བས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དར་སྤེལ་བཏང་གནང་བའི་བདག་དབང་ལ་བརྩི་འཇོག་དང་། ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། མཉམ་ལས་གཉིས་ཕན་ཡོང་བ་བཅས་ཀྱི་འདུ་ཤེས་ཀྱིས་ཁོ་མོ་རོ་ཚུད་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་སྐུལ་མ་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ཞི་བདེ་དང་། དྲང་གཞག སྣེ་མང་ཅན་བཅས་ཀྱི་འཛམ་གླིང་སྐྲུན་པའི་རེ་འདོད་ལ་ཁོ་མོ་རོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་མཛུབ་ཁྲིད་འོག ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུན་མཐུད་ཆོག་པ་དང་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་འདོད་ཡོད།