གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་14ཉིན། 16:52】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཐེངས་ཉི་ཤུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོ་ནི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན་ལ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཀྱང་ཡིན། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་པོས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་པ། རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་བྱེད་ཀྱི་ཡོད་པས། གཅིག་མཚུངས་སམ་འདྲ་མཚུངས་ཀྱི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་མང་པོ་ཡོད། ཏང་གཉིས་པོས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་དང་། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འགྲོ་ལམ་ཐུན་མོང་ཐོག་འཚོལ་ཞིབ། མར་ཁེ་སི་རིང་ལུགས་རང་ས་ཅན་དང་དུས་རབས་ཅན་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ། འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལས་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི“བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”མཛའ་གྲོགས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ནི་ཏང་གཉིས་པོའི་དབར་སྤེལ་རེས་དང་གླེང་མོལ་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། བསམ་བློའི་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་བཞིན་ཡོད། ཕྱོགས་གཉིས་པོས་ཐོག་མའི་བསམ་འདུན་མ་བརྗེད་པར་གཞུང་འཁྱོངས་གསར་འབྱེད་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་མུ་མཐུད་ཤུགས་སྣོན། རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་དང་རིག་གཞུང་སྤེལ་རེས་གཏིང་ཟབ། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་གི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཐུན་མོང་ཐོག་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་བྱེད་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།
དེ་ཉིན། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཐེངས་ཉི་ཤུ་པ་ཝེ་ཐེ་ནམ་གྱི་གྲོང་ཁྱེར་ཉིང་ཕིང་དུ་འཚོགས་པ་རེད།