འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་10ཉིན།

༄༅།།མཚོ་བོད་ས་མཐོར་ནུས་རྒྱུ་གཙང་མའི་ཐོན་ལས་དྲ་རྒྱ་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་10ཉིན། 09:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     མཚོ་བོད་ས་མཐོར་འོད་ཤུགས་པང་ལེབ་གནམ་མཐའི་བར་བསྲིངས་ཡོད། གསོ་རླུང་དཀོན་པའི་རྐྱེན་གྱིས་དེ་གའི་ཉི་ཟེར་ལྷག་པར་ཚ་བས་འོད་ཤུགས་པང་ལེབ་ཀྱིས་འོད་ཡོངས་སུ་བསྡུ་ཡི་ཡོད། མ་ཟད་ཉེ་འགྲམ་གྱི་ལ་སྒང་དུ་རླུང་ཤུགས་གློག་འདོན་འཕྲུལ་འཁོར་བཙུགས་པ་དང་། ཆུ་རྒྱུན་དྲག་ཏུ་རྒྱུག་པའི་གྲོག་རོང་དོག་པོར་ཡང་ཆུ་ཤུགས་གློག་གཏོང་ས་ཚིགས་བཙུགས་ཡོད། གློག་ཤུགས་དེ་དག་མཐོ་གནོན་གློག་འདྲེན་སྐུད་ལམ་བརྒྱུད་ནས་སྤྱི་ལེ་ཆིག་སྟོང་ལྷག་གི་ཁེ་ལས་དང་ཁྱིམ་ཚང་དུ་འདྲེན་བཞིན་ཡོད།

    ཀྲུང་གོས་མཚོ་བོད་ས་མཐོར་ནུས་རྒྱུ་གཙང་མའི་ཐོན་ལས་དྲ་རྒྱ་ཧ་ཅང་ཆེན་པོ་ཞིག་སྐྲུན་བཞིན་ཡོད། དེའི་དམིགས་ཡུལ་ནི་ས་ཁུལ་དེ་གའི་ཤུགས་དྲག་ཆེ་བའི་ཉི་འོད་དང་། དྲོད་ཚད་དམའ་བའི་ཁོར་ཡུག དེ་བཞིན་ས་བབ་མཐོ་བའི་ལེགས་ཆ་བཅས་སྤྱད་དེ་མ་གནས་དམའ་བའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་མ་ལག་གཏོད་ཆེད་རེད། ཉི་ནུས་གློག་ཁང་ཚོ་འདུས་གཙོ་བོ—ཐཱ་ལ་གྲམ་ཐང་འོད་ཤུགས་གློག་གཏོང་གླིང་གི་གཞི་ཁྱོན་ནི་གོ་ལ་ཧྲིལ་པོའི་འོད་ཤུགས་ཚོ་འདུས་གཞན་དག་ལས་ལྷག་པ་ཡོད། དེ་ནི་ས་རྒྱ་ཆེ་ཞིང་མི་ཉུང་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་མཐོ་གྲང་གྲམ་ཐང་ཁུལ་དུ་གནས་ཡོད།

     ས་བབ་མཐོ་བའི་ས་ཁུལ་གྱི་འོད་ཤུགས་དང་། རླུང་གློག ཆུ་གློག་གསར་སྤེལ་བཅས་ཀྱི་སྐོར་གླེང་ཚེ། ཀྲུང་གོས་མཚོ་བོད་ས་མཐོར་གསར་སྤེལ་བྱས་པའི་ནུས་རྒྱུ་གཙང་མའི་གཞི་ཁྱོན་དེ་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན། དེ་ནི་ཀྲུང་གོས་འབྱུང་འགྱུར་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་ཇི་ལྟར་སྣེ་ཁྲིད་བྱས་པའི་དཔེ་མཚོན་ཞིག་ལ་བརྩི་ཆོག སྲིད་གཞུང་གིས་མ་འཇོག་དང་འཆར་འགོད་གཙོ་བོ་བྱས་པ་ལས། ཀྲུང་གོའི་གློག་ཤུགས་ཁེ་ལས་ཀྱིས་ནང་འདྲེན་རྡོ་སྣུམ་དང་། རང་བྱུང་སོལ་རླངས། དེ་བཞིན་རྡོ་སོལ་བཅས་ལ་རིམ་གྱིས་བརྟེན་དགོས་བྱུང་མེད།

     ཟད་གྲོན་མཐོ་བའི་ཐོན་ལས་མང་པོ་ས་ཁུལ་འདི་ག་ནས་སྤོས་ཏེ་མི་ཐབས་རིག་ནུས་ཀྱི་གྲངས་གཞིའི་ལྟེ་གནས་དེ་གར་སྤོ་བཞིན་ཡོད། གྲངས་གཞིའི་ལྟེ་གནས་དེ་དག་གི་གློག་ཟད་ཚད(གཉེར་སྐྱོང་བྱས་པའི་མ་གནས་གཙོ་བོ)དེ་རྒྱ་མཚོའི་ངོས་མཉམ་ས་ཁུལ་དུ་གནས་པའི་སྒྲིག་བཀོད་གཅིག་མཚུངས་ལས་40%ཡིས་དམའ་བ་ཡོད་པ་རེད།

(ཨ་རིའི《ཉིའུ་གཡོད་སྐབས་དོན་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)