གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་05ཉིན། 14:06】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན། རང་བྱུང་ཐོན་ཁུངས་པུའུ་ཡིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས་ཞེ་གཉིས་པ་ལྷོ་སྣེར་རྡོག་ཐོན་བྱས་ཤིང་། ད་ཐེངས་རྟོག་ཞིབ་དེ“གངས་འབྲུག”རྟགས་ཅན་དང“གངས་འབྲུག་ཨང་2པ”རྟགས་ཅན་གྲུ་གཟིངས་གཉིས་ཀྱིས་མཉམ་དུ་འགན་ལེན་བྱས་པ་དང་། རྒྱལ་ནང་གི་ཚན་པ་80ལྷག་ཙམ་གྱི་རུ་མི་500ལྷག་ཙམ་ཞུགས་པ་མ་ཟད། ད་དུང་ཐེ་ལན་དང་། ཆི་ལི། ཕོར་ཐིའུ་ཀལ། ཀྲུང་གོའི་ཤང་ཀང་། ཀྲུང་གོའི་ཨའོ་མོན་སོགས་རྒྱལ་ཁབ་དང་ས་ཁུལ་10ལྷག་ཙམ་གྱི་ཚན་ཞིབ་མི་སྣ་མཉམ་དུ་ཞུགས་ནས་2026ལོའི་ཟླ་བ་ལྔ་པར་ལས་འགན་ལེགས་སྒྲུབ་བྱས་རྗེས་རྒྱལ་ནང་དུ་ལོག་རྒྱུ་ཡིན་པ་རེད།
རྟོག་ཞིབ་རུ་ཁག་གིས་ལས་དོན་ཁག་གསུམ་གཙོ་གནད་ཐོག་སྤེལ་རྒྱུ་སྟེ། གཅིག་ནས་ཆིན་ལིང་ས་ཚིགས་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་འཛུགས་སྐྲུན་དང་མ་ལག་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་རྟོག་ཞིབ་ས་ཚིགས་ཀྱི་འཁོར་སྐྱོད་འགན་ལེན་དང་ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་དང་། གཉིས་ནས་ལྷོ་སྣེའི་ཁྱབ་ཁོངས་མང་བའི་ཕྱོགས་བསྡུས་བརྟག་ཞིབ་ཀྱི་ལྟ་དཔྱད་ཚད་འཇལ་རྒྱུན་མཐུད་ལག་བསྟར་བྱས་ཏེ་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ཁྲོད་ཀྱི་ལྷོ་སྣེའི་ནུས་པར་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། གསུམ་ནས་གཙོ་གནད་ཞིབ་སྤེལ་རྣམ་གྲངས་དང་རྒྱལ་ཐོན་སྒྲིག་ཆས་ལག་རྩལ་གྱི་བཀོལ་སྤྱོད་གསར་པ་བྱ་རྒྱུ་བཅས་རེད།