གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་05ཉིན། 14:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ས་ཁུལ་ཁག་དང་སྡེ་ཚན་ཁག་དང་མཉམ་དུ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི《རྩ་གནད་འཆར་ཟིན》བཟོ་འགོད་ཀྱི་འབྲེལ་ཡོད་ལས་དོན་ཛ་དྲག་ངང་སྤེལ་ཡོད་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི《རྩ་གནད་འཆར་ཟིན》ལ་ཞིབ་འཇུག་བྱས་ནས་འཆར་ཟིན་བཀོད་ཅིང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། དམིགས་ཚད་གཙོ་བོ་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་རྩིས་བྱེད་པ། བཀོལ་སྤྱོད་ཆོག་པ་དང་དོན་འཁྱོལ་ཐུབ་པའི་ལས་འགན་དང་བྱེད་ཐབས་གལ་ཆེན་དང་གཙོ་གནད་ལས་གྲྭའི་རྣམ་གྲངས་ཁག་གཅིག་རིགས་པས་ཁུངས་སྐྱེལ་གྱིས་བཏོན་ནས། འཆར་འགོད་གྲོས་འགོའི་ནང་བཏོན་པའི་ཁ་ཕྱོགས་རང་བཞིན་གྱི་བླང་བྱ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་བྱེད་ཐབས་སུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། གོ་རིམ་གཞིར་བཟུང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་ནས་སང་ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་ཞིབ་བཤེར་བྱེད་པར་འབུལ་རྒྱུ་རེད།
ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ཞིང་། ཟླ་10ཚེས་31ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གཙོ་གནད་དྲ་ཚུགས་སོགས་དྲ་རྒྱའི་ལས་སྟེགས་ཀྱི་མངོན་ཆེ་སར་ཆེད་དོན་ལེ་ཚན་ནམ་ཡང་ན་སྦྲེལ་མཐུད་སྐར་ཁུང་བཀོད་སྒྲིག་བྱས་ཏེ། རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་གཙོ་གནད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གྲོས་འགོ་ཁག་20ལྷག་རྒྱ་ཁྱབ་ངང་བསྡུ་ལེན་བྱ་རྒྱུ་དང་། 2025ལོའི་ཟླ་11ཚེས་14ཉིན་གྱི་ཆུ་ཚོད་20བར་བསྡུ་ལེན་བྱ་རྒྱུ་རེད།