འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་4ཉིན།

༄༅།།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་
པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཐོག་མ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་04ཉིན། 09:24】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གྱི་སྔ་དྲོར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན། སློབ་གསོ་པུའུ། ཀྲུང་དབྱང་དམག་དོན་ཨུ་ལྷན་ཆབ་སྲིད་ལས་དོན་པུའུ། ཀྲུང་གུང་པེ་ཅིང་གྲོང་ཨུད་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཐོག་མ་འཚོགས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་ནོར་སྲིད་གཞུང་དོན་ཁང་གི་རྒྱུན་གཏན་ལས་དོན་ལ་ལས་བགོས་འགན་གཉེར་བྱེད་མཁན་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཧན་ཝུན་ཤིའུ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།

    ཧན་ཝུན་ཤིའུ་ཡི་སྙན་ཞུའི་ནང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་འགོ》ལ་དམ་པོར་དམིགས་ཏེ། 《གྲོས་འགོའི》འཆར་ཟིན་གྱི་གནས་ཚུལ་ལ་གསལ་འགྲེལ་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་གྲུབ་འབྲས་དང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་ལ་འཕྲད་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་ཁོར་ཡུག་གསལ་བཤད་བྱས་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། བརྩི་སྲུང་རྩ་དོན། དམིགས་ཚད་གཙོ་བོ་བཅས་རྒྱས་བཤད་བྱས་ཤིང་། 《གྲོས་འགོའི》ནང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་གཙོ་གནད་ཐོག་གསལ་འགྲེལ་བྱས་པ་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ངོས་འཛིན་དང་མྱོང་ཚོར་ཡང་གླེང་བ་རེད།

     སྙན་ཞུ་དེ་གཏིང་ཟབ་ཅིང་ཁ་གསལ་བ་དང་། ནང་དོན་ཕུན་ཚོགས་པ། གཙོ་གནད་མངོན་གསལ་དོད་པ། མ་ལག་ཁྱོན་ཡོངས་བཅས་ཡོད་ཅིང་། དཔེ་མཚོན་གྱི་གྱོད་དཔེ་དང་གྲངས་གཞི་ཞིབ་ཕྲ་བེད་སྤྱོད་གང་ལེགས་བྱས་ནས་གསལ་འགྲེལ་བྱས་ཏེ་ཉན་མཁན་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་ཐུབ་པར་རོགས་རམ་བྱས་ཡོད། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་སློབ་སྦྱོང་ཟབ་མོ་དང་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། འབད་བརྩོན་ལྷོད་མེད་དང་མུ་མཐུད་འབད་འཐབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་འགན་ལེན་ཏན་ཏིག་བྱས་ཏེ། བརྗིད་ཆེའི་འཆར་གཞི་དངོས་ཡོད་དུ་འགྱུར་བར་མཉམ་དུ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།

     སྙན་ཞུའི་ཚོགས་འདུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རྒྱུན་གཏན་ལས་དོན་ལ་ལས་བགོས་འགན་གཉེར་བྱེད་མཁན་ཧྲུའུ་ཅི་གཞོན་པ་ཀུའོ་ཝུན་ཆི་ཡིས་གཙོ་སྐྱོང་གནང་བ་དང་། པེ་ཅིང་དུ་ཡོད་པའི་ཏང་སྲིད་དམག་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་དང་མཐོ་སློབ་ཀྱི་འགན་འཁུར་བ། རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ། ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་ཁྱོན་མི་700ཙམ་ཞུགས་ཡོད་པ་རེད།

      ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་པེ་ཅིང་དུ་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐོག་མ་འཚོགས་རྗེས། ཉེ་ཆར་རྒྱལ་ཡོངས་ས་གནས་ཁག་ཏུ་བསྐྱོད་ནས་སྒྲོག་འགྲེལ་བྱ་རྒྱུ་རེད།