འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་4ཉིན།

མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79ཟིན་པ།

༄༅།།བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་04ཉིན། 09:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གྲངས་གཞི་གསར་ཤོས་ལྟར་ན། ཀྲུང་གོའི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79ཟིན་ཞིང་། 2020ལོ་དང་བསྡུར་ན་ལོ་1.1རིང་དུ་ཕྱིན་པ་དང་། རྒྱལ་ཡོངས་སུ་ལོ་80ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་མཁན་ཞིང་ཆེན་8བྱུང་བ། གྲོང་མིའི་བདེ་ཐང་གི་དམིགས་ཚད་གཙོ་བོ་དེ་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད།

     མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ནི་རྒྱལ་ཁབ་ཅིག་གམ་ས་ཁུལ་ཞིག་གི་ད་ལྟའི་དུས་མཚམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་འཇལ་བའི་ཕྱོགས་བསྡུས་དམིགས་ཚད་ཅིག་རེད།

     ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་ཀྱི་ལོ་35ནས་སྒྱུར་བཅོས་སྒོ་དབྱེ་བྱས་མ་ཐག་པའི་དུས་ཀྱི་ལོ་68བར་དང་། དེ་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལོ་79བར་བཅས། ཆ་སྙོམས་ཚེ་ཚད་རྒྱུན་མཐུད་རིང་དུ་སོང་བ་ལས་ཀྲུང་གོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་མཚོན་གྱི་ཡོད་ལ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཀྱི་དུས་རབས་ཀྱི་འཕོ་འགྱུར་ཡང་མཚོན་གྱི་ཡོད།

   བདེ་ཐང་ནི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རྨང་གཞི་རེད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། མི་དུང་ཕྱུར་14ལྷག་ཙམ་ལ་ཁྱབ་པའི་བདེ་ཐང་སྲུང་སྐྱོང་གི་དྲ་བ་ཇི་ཙམ་བསླས་པ་དེ་ཙམ་གྱིས་ཚགས་དམ་དུ་ཕྱིན་ནས། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་བརྟན་པོའི་ངང་རིང་དུ་འགྲོ་བའི“བདེ་ཐང་གི་མན་ངག”ཅིག་ཏུ་གྱུར་ཡོད།

      ཞབས་ཞུའི་ཆ་རྐྱེན་སྔར་བས་ལེགས་སུ་སོང་བ་སྟེ། ལོ་ལྔའི་རིང་རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་བཙུགས་ཤིང་། 2024 ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྲི་109ཡོད་པ་དང་འཕྲོད་བསྟེན་མི་སྣ་ཁྲི་1578ཡོད། ད་ཆ་གྲོང་མི་བཅུ་ཆ་དགུ་ཡན་སྐར་མ་15ཡི་ནང་ཚུན་དུ་ཐག་ཉེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་ས་ཚིགས་སུ་འབྱོར་ཐུབ་པས། མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཞི་ལྷོད་དུ་འགྲོ་བཞིན་ཡོད།

     སྔོན་འགོག་གི་འགག་སྒོ་ཀུན་གྱི་སྔོན་ལ་བསྐྲུན་པ་སྟེ། རང་རྒྱལ་ལ་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ནད་རིགས་འགོག་ཟོན་མ་ལག་ལྡན་པ་དང་། གྲོང་མིའི་བདེ་ཐང་བྱང་ཚད་དེ་2020ལོའི་23.2%ནས་2024ལོའི་31.9%བར་མཐོ་རུ་ཕྱིན་པ། གཅོང་ནད་ཚབས་ཆེན་དབང་གིས་སྔོན་ལ་ཤི་ཚད་སྔར་བས་ཚོད་འཛིན་ཐུབ་པ། འབྲས་གཅོང་དང་། མཆིན་ནད། ཨེ་ཙེ་ནད་སོགས་འགོས་ནད་ཕོག་མཁན་མུ་མཐུད་ཉུང་དུ་ཕྱིན་པའམ་ཡང་ན་ཁྱབ་ཚད་དམའ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ་སོགས་རེད། དེའི་རྒྱབ་ལྗོངས་ནི“ནད་བཅོས་ལྟེ་བར་འཛིན་པ”ནས“མི་དམངས་ཀྱི་བདེ་ཐང་གཙོ་བོར་འཛིན་པའི”བར་གྱི་འགྱུར་ལྡོག་དང་འཚོལ་ཞིབ་ལས་བྱུང་བ་ཞིག་རེད།

     སྨན་རྫས་ཁ་ཐང་བའི་ཁུར་པོ་དེ་བས་ཡང་དུ་ཕྱིན་པ་སྟེ། སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལ་སྐབས་བསྟུན་ལེགས་སྒྲིག་བྱེད་པའི་ལམ་སྲོལ་ལས་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་ཅིང་། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རིམ་རྩིས་བརྒྱབ་ན་སྨན་རྫས་རིགས་402དཀར་ཆག་ནང་བཅུག་པ་དང་། སྨན་གསར་པ་དང་སྨན་ཡག་པོ་སྨན་བཅོས་འགན་བཅོལ་དཀར་ཆག་ནང་འཇུག་མགྱོགས་སུ་བཏང་ཡོད། རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་95%ཡས་མས་སུ་བརྟན་པོ་གནས་པ་དང་། གྲོང་མི་དུང་ཕྱུར་13ལྷག་ཙམ་ལ་གཞི་རྩའི་སྨན་བཅོས་འགན་སྲུང་ལོངས་སྤྱོད་ཐུབ་པའི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དྲ་བས་ཚེ་སྲོག་གི་བདེ་ཐང་ལ་འགན་སྲུང་བྱས་ཡོད།

     མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་རིང་དུ་བརྟན་པོ་ཕྱིན་པ་ནས་སྦྲུམ་མ་འཆི་ཚད་དང་ཕྲུ་གུ་དམར་འབྱར་འཆི་ཚད་སོགས་འགག་རྩའི་སྟོན་གྲངས་མུ་མཐུད་ཆག་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    དེང་རབས་ཅན་གྱི་དམིགས་ཚད་གལ་ཆེ་ཤོས་ནི་མི་དམངས་ཀྱི་བདེ་ཐང་རེད།

     “འཕྲི་གསུམ་བདེ་གསུམ”ནས་དམངས་ཡོངས་ཀྱི་ལུས་སྦྱོང་བར་བདེ་ཐང་འཚོ་བའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། 2024ལོའི་བར། རྒྱལ་ཡོངས་ཀྱི་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་དུང་ཕྱུར་42.3ཟིན་པ་དང་། རྒྱུན་དུ་ལུས་སྦྱོང་ནང་ཞུགས་པའི་མི་གྲངས་ཀྱི་བསྡུར་ཚད་38.5%ལས་བརྒལ་ཡོད།

     དུས་རབས་གསར་པའི་རྒྱང་ལམ་གསར་པར། མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ན། མི་དམངས་དུང་ཕྱུར་14ལྷག་ཙམ་ལ་བདེ་ཐང་དང་བདེ་རྩ་དེ་བས་ཆེ་བ་ཐོབ་ངེས་རེད།