འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་3ཉིན།

༄༅།།“རང་བྱུང་མཆོང་ཁྲི་”དེ་སྦྲུལ་ཚང་ཡིན་པར་སྨྲ་བའི་ཐད་ལ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་03ཉིན། 14:12】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉེ་ཆར་དྲ་རྒྱའི་ཐོག་གནས་ཚུལ་ཞིག་ཚ་གླེང་དུ་གྱུར་ཡོད་པ་སྟེ། ཅང་ཞི་ནས་ཡིན་པའི་ལི་ཆེ་གེ་མོས་གྲོགས་པོ་དང་རི་ཁུལ་དུ་གོམ་བགྲོད་བྱེད་སྐབས། བསམ་ཡུལ་ལས་འདས་པར་ལོ་མ་སྤུངས་གསོག་བརྒྱབ་པ་ཞིག་མཐོང་བ་དང་། ས་ཁོངས་དེའི་ས་ངོས་མཉེན་ཞིང་ལྡེམ་ཤུགས་ལྡན་པས་ཁོ་གཉིས་ཀྱིས་“རང་བྱུང་གི་མཆོང་ཁྲི་”ཡིན་འདུག་བསམ་ནས་དེའི་སྟེང་མཆོང་ལྡིང་བྱས་ཤིང་བརྙན་ཡང་བླངས་པ་དང་། དེ་རྗེས་ལི་ཆེ་གེ་མོས་བརྙན་ལམ་དེ་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུའི་ཐོག་ཁྱབ་བསྒྲགས་བྱས་པར་གཤམ་འོག་དུ་ལན་མང་པོ་ཞིག་འབྱོར་ཡོད་པ་རེད།

     དྲ་གྲོགས་ཁ་ཤས་ཀྱིས་ལི་ཆེ་གེ་མོས་“སྦྲུལ་ཚང”ཞིག་ལ་རྡོག་པ་བརྒྱབ་འདུག་ཟེར། འོ་ན་དོན་དངོས་སུ་དེ་འདྲ་ཡིན་ནམ།

     ཆེད་ལས་མཁས་པས་ལོ་མ་སྤུངས་ཁུལ་དེ་སྦྲུལ་ཚང་མིན་ཞེས་དཀྲོག་གཏམ་སེལ་ཡོད།

     དེའི་ཐད་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་སྦྲུལ་རིགས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་དང་བེད་སྤྱོད་གསར་གཏོད་ཚོགས་པའི་ཆེད་ལས་མི་སྣས་བཤད་རྒྱུར། དྲ་གྲོགས་དེ་མཆོང་ལྡིང་བྱེད་སའི་ལོ་མ་སྤུངས་ཁུལ་དེ་ནི་སྦྲུལ་རྒྱལ་མིག་ཤེལ་ཅན་གྱི་ཚང་མིན། སྦྲུལ་རྒྱལ་མིག་ཤེལ་ཅན་གྱི་ཚང་ནི་སྤྱིར་བཏང་ལོ་མ་དང་། ཡལ་ག འདམ་བུ་བཅས་སྤུངས་ནས་གྲུབ་པའི་ཟླུམ་སྙུང་དབྱིབས་ཀྱི་དེའུ་འབུར་ཞིག་ཡིན་པ་དང་། ནགས་ཁྲོད་ཀྱི་ལོ་མ་སྤུངས་ཁུལ་དུ་མངོན་གསལ་ཡིན།

     སྤྱིར་བཏང་བྱས་ན། སྦྲུལ་རྒྱལ་མིག་ཤེལ་ཅན་གྱི་ཚང་ནི་མཆོང་ཁྲི་དང་འདྲ་བར་མཆོང་ལྡིང་བྱེད་མི་ཐུབ་མོད། འོན་ཀྱང་རི་ཁུལ་དུ་འགྲོ་སྐབས་ཚང་མས་དོ་སྣང་བྱེད་དགོས།

     དྲན་སྐུལ་གལ་ཆེན། གལ་ཏེ་སྦྲུལ་རྒྱལ་མིག་ཤེལ་ཅན་དང་འཕྲད་ན་གང་འདྲ་བྱེད་དགོས་སམ།

     སྦྲུལ་རྒྱལ་མིག་ཤེལ་ཅན་ནི་སྦྲུལ་རིགས་ནང་གི་ཁྱད་པར་ཅན་ཞིག་ཡིན། སྐྱེ་འཕེལ་དུས་སུ་སླེབས་རྗེས། སྦྲུལ་རྒྱལ་མིག་ཤེལ་ཅན་གྱིས་སར་ལྷུང་ཡོད་པའི་ལོ་མ་བསྡུ་རུབ་བྱས་ནས་ཚང་བཟོ་སྲིད། དེའི་ཕྱིར་ཚང་མས་ཕྱི་རོལ་དུ་འགུལ་སྐྱོད་བྱེད་སྐབས་ངེས་པར་དུ་ལམ་འགྲམ་གྱི་ལོ་མ་ལྷུང་བའི་འབུར་འབུར་ཆུང་ཆུང་ལ་དོ་སྣང་བྱེད་དགོས། གལ་ཏེ་སྟབས་མ་ལེགས་པར་ སྦྲུལ་རྒྱལ་མིག་ཤེལ་ཅན་ དང་འཕྲད་ན་ཅི་ལྟར་བྱེད་དགོས་ཞེ་ན།

     གཤམ་གྱི་གནད་འགའ་ལ་དོ་སྣང་བྱེད་དགོས།

     དངངས་སྐྲག་གིས་སྦྲུལ་འདྲོག་བསླངས་ནས་ཐལ་དྲགས་པའི་བྱ་སྤྱོད་མི་ཐོན་ཆེད་མྱུར་དུ་མདུན་སྐྱོད་བྱེད་མཚམས་འཇོག་དགོས།

     དལ་མོར་ཕྱིར་འཐེན་བྱས་ནས་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་དགོས། སྦྲུལ་རྒྱལ་མིག་ཤེལ་ཅན་གྱིས་དུག་གཏོར་ཚད་རིང་ཤོས་སྨི་2ལ་སླེབས་ཐུབ་པས། སྨི་5ཡན་གྱི་བར་ཐག་འཇོག་དགོས།

     སྦྲུལ་རྒྱལ་མིག་ཤེལ་ཅན་ཁོང་ཁྲོ་བསླངས་ན་མིའི་རྗེས་འདེད་སྲིད་པས། དེའི་ཕྱིར་དེ་ལ་རྐང་བཙུགས་ནས་སུན་སློང་བྱེད་མི་རུང་།

     བདེ་འཇགས་ཀྱི་བར་ཐག་ཁག་ཐེག་བྱས་རྗེས། མགྱོགས་པོར་ལམ་བསྐོར་ནས་ས་དེ་དང་ཁ་འབྲལ་དགོས།