གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་03ཉིན། 14:09】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་10ཚེས་28ཉིན་གྱི་ཐོ་རེངས་སི་ཁྲོན་པ་ཀྲུང་ཨེན་དབྱང་ནས་ཡིན་པའི་ལོ་34ལ་སླེབས་པའི་མེ་གསོད་རུ་མི་ཀོའུ་ཅུན་པ་ཀྲུང་མཁར་དཀྱིལ་ཁུལ་གྱི་ཅིན་ཆའོ་མཚེའུ་རུ་ཆུར་ལྷུངས་བའི་མི་སྐྱོབ་སྐབས་སྟབས་མ་ལེགས་པར་ཚེ་སྲོག་ཤོར་བ་རེད།
དོན་རྐྱེན་བྱུང་སའི་ཡུལ་དངོས་ཉེ་འཁོར་གྱི་གྲོང་མིས་བརྗོད་དོན། རོགས་སྐྱོབ་བྱ་ཡུལ་ནི་ཆུར་རྐྱལ་ཤེས་ཀྱི་མེད་པའི་བུད་མེད་གཉིས་ཡིན་པ་དང་། ཁོ་གཉིས་ཆུ་ལས་བསྐྱབས་རྗེས་རོགས་རམ་ཞུས་ཡོད་ཅེས་བཤད་པ་རེད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ། རོགས་སྐྱོབ་མི་སྣ་འབྱོར་སྐབས་ཀོའུ་ཅུན་ཆུའི་དྲོད་ཚད་ཅུང་དམའ་བ་དང་ལུས་ཟུངས་ཟད་ནས་ཆུར་ནུབ་པ་དང་། རྗེས་སུ་མྱུར་སྐྱོབ་བྱས་རུང་ནུས་པ་མ་ཐོན་པར་ཚེ་ལས་འདས་སོང་བ་རེད།

ཀོའུ་ཅུན་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་མགྲོན་བསུའི་ལམ་ཆེན་མེ་གསོད་རོགས་སྐྱོབ་ས་ཚིགས་ཀྱི་འགོ་འཛིན་གཞོན་པ་ཡིན་པ་དང་གོ་གནས་རིམ་པ་གསུམ་པའི་བཀོད་འདོམས་པ་ཡིན། ད་ཐེངས་ཀྱི་དོན་རྐྱེན་ནི་ཁོའི་གཉེན་འཕྲད་གུང་གསེང་རིང་བྱུང་བ་ཡིན་འདུག
གཉེན་ཉེས་ངོ་སྤྲོད་བྱས་པར་གཞིགས་ན། དོན་རྐྱེན་བྱུང་བའི་ཉིན་དེའི་ཐོ་རེངས་སུ་ཀོའུ་ཅུན་དང་གྲོགས་པོ་གཉིས་ཀྱིས་མཚན་ཟས་ཟ་བཞིན་ཡོད་པ་དང་། གློ་བུར་དུ་ཅིན་ཆའོ་མཚེའུ་འགྲམ་དུ་“སྲོག་སྐྱོབ་རོགས་”ཞེས་པའི་སྐད་རྒྱག་གིན་ཡོད་པ་ཐོས་རྗེས། ཁོང་གིས་ཟས་ཟ་མཚམས་བཞག་ནས་ཐད་ཀར་ཡུལ་དངོས་སུ་རྒྱུགས་དུས་བུད་མེད་གཉིས་ཆུའི་ནང་དུ་ལྷུངས་ཡོད་པ་མཐོང་།
ཡུལ་དངོས་ཀྱི་གློག་འོད་མི་གསལ་བས། སེམས་རྩ་འཁོལ་བའི་ལམ་འགྲོ་བའི་མཛུབ་སྟོན་འོག ཀོའུ་ཅུན་ཉེན་ཁར་མ་འཛེམ་པར་མཚེའུ་རུ་མཆོང་ཡོད་པ་རེད། མཚེའུ་འགྲམ་ངོགས་ནི་གཟར་ཚད་ཆེ་ལ་འདྲེད་སླ་བའི་སྲུང་རགས་ཡིན་པས། ཀོའུ་ཅུན་གྱིས་བུད་མེད་གཉིས་ཀ་ཆུ་ལས་བསྐྱབས་རྗེས་ལུས་ཟུངས་ཟད་དེ་ཆུར་ནུབ། ཀོའུ་ཅུན་གྱིས་མི་སྐྱོབ་པའི་བརྒྱུད་རིམ་ནང་སེམས་རྩ་འཁོལ་བའི་ལམ་འགྲོ་བས་ཉེན་རྟོག་པར་ཁ་པར་བཏང་བ་དང་དུས་མཚུངས་120མྱུར་སྐྱོབ་ལའང་ཁ་པར་བཏང་།
ཁོང་གི་གཉེན་ཉེས་ངོ་སྤྲོད་བྱས་པར་གཞིགས་ན། ཀོའུ་ཅུན་ལ་ལོ་ལྔ་ཅན་གྱི་བུ་མོ་ཞིག་ཡོད་པ་རེད། པ་ཀྲུང་གྲོང་ཁྱེར་སྲིད་ཁྲིམས་སྡེ་ཁག་གི་ལས་དོན་མི་སྣས་སྨྱན་སྦྱོར་ལ་ཀོའུ་ཅུན་གྱི་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་པའི་ལས་དོན་སྤེལ་བཞིན་ཡོད་ཅེས་བཤད་པ་རེད།