མཚོ་སྔོན་གྱིས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་03ཉིན། 14:00】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་འབྲེལ་ཡོད་སྣུམ་རླངས་རྒྱང་འདྲེན་མདོང་ལམ་ཁེ་ལས་ཀྱི་ཕྱོགས་བསྡུས་ཇུས་བསྟར་ལ་སྤྱི་འདོམས་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། “བར་སྣང་མཁའ་དབྱིངས་ས་གཞི”བཅས་གཞི་གཅིག་ཅན་གྱི་རིག་ནུས་སྐོར་སྲུང་མ་ལག་གསར་གཏོད་དང་འཛུགས་སྐྱོང་བྱས་ཤིང་། སེ་པེ་དང་། ཟི་ལིང་། ལན་ཀྲོའུ་བཅས་ཀྱི་ལམ་གཅིག་དང་དེ་བཞིན་ལམ་གཉིས་འདྲེན་ལམ། ཟི་ལིང་གི་ཉིང་ལག་འདྲེན་ལམ་བཅས་སྤྱི་ལེ་1776གི་རླངས་འདྲེན་མདོང་ལམ་ལོ་24ཡི་རིང་བསྟུད་མར“གནོད་སྐྱོན་མེད་པ་དང་ཕུ་ཤོར་མེད་པར”བདེ་འཇགས་ངང་གཉེར་སྐྱོང་མངོན་འགྱུར་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་རང་བྱུང་སོལ་རླངས་བདེ་འཇགས་མཁོ་འདོན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
སེ་པེ་དང་། ཟི་ལིང་། ལན་ཀྲོའུ་བཅས་ཀྱི་རླངས་འདྲེན་མདོང་ལམ་ལ་རྩྭ་ཐང་མྱ་ངམ་ཐང་དང་། འཁྱགས་ཞུ་རི་ཉིལ། ཕྱོགས་གསུམ་པའི་ཨར་ལས་སོགས་རྙོག་འཛིང་ཆེ་བའི་ཉེན་ཁ་མང་པོ་འཕྲད་པར་དམིགས་ཏེ། སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར་མཉམ་གཉེར་དང་། དུས་བཀག་གྲོས་མོལ། མཉམ་ཟོན་མཉམ་འགུལ་བཅས་ཀྱི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། “མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་ཟོན་འགོག”བྱེད་ཐབས་གསུམ་འཐུས་སྒོ་ཚང་དུ་བཏང་བས། “བར་སྣང་མཁའ་དབྱིངས་ས་གཞི”བཅས་གཞི་གཅིག་ཅན་གྱི་རིག་ནུས་སྐོར་སྲུང་མ་ལག་ཆགས་པ་རེད། མི་ཐབས་ཟོན་འགོག་བྱེད་ཐབས་ནས“མིས་སྐོར་ཞིབ་དང་རླངས་འཁོར་གྱིས་སྐོར་ཞིབ”བྱེད་པའི་མདོང་ལམ་སྐོར་སྲུང་བྱེད་སྟངས་སྤྱད་དེ་སྐོར་སྲུང་ཐེངས་མང་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་གྲལ་བཤེར་བྱས་ནས། མདོང་ལམ་གྱི་ཉེན་ཁ་ཐོག་མཐའ་བར་གསུམ་དུ་ཚོད་འཛིན་ཐུབ་པར་འགན་ལེན་བྱས་ཡོད། དེ་མཚུངས་སུ་མདོང་ལམ་སྲུང་སྐྱོང་མི་སྣ་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་མདོང་ལམ་རྒྱུད་ཀྱི་གྲོང་ཁྱེར་དང་རྫོང་དང་། གྲོང་ཚོ་དང་གྲོང་རྡལ། གྲོང་མི་བཅས་ལ་མདོང་ལམ་སྲུང་སྐྱོང་སྐོར་དྲིལ་བསྒྲགས་བྱེད་པ་དང་། སློབ་གྲྭར་མདོང་ལམ་སྲུང་སྐྱོང་ཤེས་བྱ་ཁྱབ་གདལ་གཏོང་བ་སོགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་བཏང་སྟེ། མདོང་ལམ་རྒྱུད་ཀྱི་ཨར་ལས་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས“སྲིད་གཞུང་དང་ཁེ་ལས་མཉམ་འགུལ་དང་དེ་བཞིན་སྤྱི་ཚོགས་ཐུན་མོང་གིས་འགན་ལེན”བྱེད་པའི་མདོང་ལམ་སྲུང་སྐྱོང་གི་རྣམ་པ་བཟང་པོ་བསྐྲུན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་འབྲེལ་ཡོད་ཁེ་ལས་དང་མུ་མཐུད་མཐུན་སྦྱོར་བྱས་ཏེ། མདོང་ལམ་སྲུང་སྐྱོང་གི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཤིང་། མདོང་ལམ་འཆར་འགོད་འབྲེལ་མཐུད་དང་། ཧམ་བཟུང་གཙང་སེལ། ཕྱོགས་གསུམ་པའི་ཨར་ལས་ཚན་པས་དོ་དམ་ཚོད་འཛིན། བསྣོལ་འདྲེས་ཀྱི་འབྲེལ་བ་ཐག་གཅོད་སོགས་ཀྱི་ལས་དོན་གང་ལེགས་བསྒྲུབས་ཏེ། མདོང་ལམ་སྲུང་སྐྱོང་ཚན་རྩལ་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། མཚོ་སྔོན་གྱི་ནུས་རྒྱུའི“འཕར་རྩ་ཆེན་པོ”བདེ་འཇགས་དང་ནུས་ཆེའི་འཁོར་སྐྱོད་ཡོང་བར་འགན་ལེན་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་པར་གཞོགས་འདེགས་བྱ་རྒྱུ་རེད།