གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་31ཉིན། 15:50】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
གསར་འགོད་པས་ཉེ་ཆར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སེམས་ཁམས་བདེ་ཐང་གི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་གནད་དོན་མངོན་གསལ་དོད་པོར་དམིགས་ནས། སློབ་གསོ་པུའུ་ཡིས་ཉེ་ཆར་བྱེད་ཐབས་ཁག་10ཁྱབ་བསྒྲགས་བྱས་པ་དེའི་ནང་གཟའ་འཁོར་རེར་“ཉིན་གཅིག་སྦྱོང་ཚན་མེད་པར་བཟོ་རྒྱུའི་”སྐུལ་མ་གཏོང་རྒྱུ་སོགས་ཚུད་ཡོད་པ་རེད།
“སློབ་མའི་རྒྱུགས་ལེན་སློབ་ཞུགས་ཀྱི་སེམས་ཁྲལ་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་བའི་”བྱེད་ཐབས་ལས་གསལ་བ་ལྟར། སློབ་མའི་སྦྱོང་ཚན་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། ཡིག་ཐོག་གི་སྦྱོང་ཚན་བསྡོམས་འབོར་ཚོད་འཛིན་ནན་པོར་བྱེད་པ། འཕྲུལ་ཆས་བཞིན་དུ་བསྐྱར་ཟློས་དང་ཆད་པའི་ཚུལ་གྱི་སྦྱོང་ཚན་བཀོད་སྒྲིག་བྱེད་རིགས་གཏན་འགོག་བྱེད་པ། གཟའ་འཁོར་རེར་“ཉིན་གཅིག་སྦྱོང་ཚན་མེད་པར་བཟོ་རྒྱུའི་”སྐུལ་མ་གཏོང་དགོས་པ་བཅས་ཀྱི་བྱ་ཐབས་བཏོན་ཡོད་པ་རེད། མཐོ་རིམ་སློབ་འབྲིང་གི་རྒྱུགས་ལེན་བསྒྱུར་བཅོས་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་མཐོ་རིམ་སློབ་འབྲིང་གི་སློབ་མ་བསྡུ་བའི་དམིགས་ཚད་སློབ་གྲྭར་སླེབས་པ་ཇེ་མགྱོགས་སུ་གཏོང་བ། དོ་སྙོམས་ངང་སློབ་མ་བསྡུ་བའི་ཚོད་ལྟའི་སྡོད་གནས་མངགས་གཏོང་བྱས་ཏེ། སློབ་མ་དང་ཁྱིམ་བདག་གི་སློབ་ཞུགས་སེམས་ཁྲལ་ཞི་ལྷོད་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཚེ་སྲོག་བདེ་འཇགས་དང་བདེ་ཐང་སློབ་གསོ་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་སློབ་དེབ་ནང་འཇུག་པའི་ཕྱོགས་སྟོན་དོན་འཁྱོལ་བྱས་ཏེ། ཟླ་རེར་ཉུང་མཐར་ཡང་ཕྱོགས་བསྡུས་རང་བཞིན་གྱི་སློབ་གསོའི་ལག་ལེན་བྱེད་སྒོ་ཐེངས་གཅིག་སྤེལ་ཏེ། སློབ་མའི་ཚེ་སྲོག་སློབ་གསོ་དང་། ལང་ཚོའི་དུས་ཀྱི་སློབ་གསོ། བར་ཆད་ཀྱི་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་མའི་ཁོར་ཡུག་དང་འཚམ་པ་དང་། སེམས་ཁམས་སྙོམས་པ། གནོན་ཤུགས་ལ་ཁ་གཏད་གཅོག་པ་སོགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། བསམ་རྒྱ་དང་བསམ་ཤེས་བྱེད་ནུས་ཆེ་རུ་གཏོང་དགོས།
ཕྱོགས་ཡོངས་ནས་“ཉིན་རེར་ལུས་སྦྱོང་ཆུ་ཚོད་གཉིས་”དོན་འཁྱོལ་གྱི་བྱེད་ཐབས་བཏོན་པ་ལས། སློབ་གྲྭ་དང་སྡེ་ཁུལ་མཉམ་ལས་བྱས་ནས་མཐའ་འཁོར་གྱི་ལུས་རྩལ་ཁང་སྒོ་འབྱེད་པར་བསྔགས་སྐུལ་བྱས་ནས་སློབ་མས་སློབ་གྲྭ་གྲོལ་རྗེས་ལུས་བརྡར་བྱ་ཡུལ་འགན་སྲུང་མཁོ་འདོན་བྱེད་དགོས།
“སློབ་མ་གཉིད་ཉལ་བའི་དུས་ཚོད་འདང་ངེས་འགན་ལེན་བྱ་རྒྱུའི་”བྱེད་ཐབས་ལས་ཁ་གསལ་བཟོས་ཡོད་པ་ལྟར། གཉིད་ཉལ་བའི་དོ་དམ་གཏན་འབེབས་ལག་བསྟར་ནན་པོར་བྱེད་པ་དང་། དུས་ཚོད་ལས་བརྒལ་ནས་སློབ་སྦྱོང་བྱེད་པ་སོགས་སྒྲིག་འགལ་གྱི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། སློབ་འགན་ལྕི་དྲགས་པ་དང་གོ་རིམ་མེད་པའི་འགྲན་རྩོད་ཀྱིས་གཉིད་ཉལ་བའི་དུས་ཚོད་བཙན་བཟུང་བྱེད་རིགས་སྔོན་འགོག་དང་། སློབ་མ་གཉིད་ཉལ་ཚུལ་དེ་སློབ་མའི་གཟུགས་གཞི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་དང་སློབ་གསོའི་སྤུས་ཚད་ལ་གདེང་འཇོག་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་ནང་འཇུག་དགོས།
“སློབ་མ་ཚོ་བདེ་ཐང་ངང་དྲ་རྒྱ་སྤྱོད་པའི་གོམས་གཤིས་གསོ་སྐྱོང་བྱ་རྒྱུའི་”བྱེད་ཐབས་ཐོག་ནས། སློབ་མས་སློབ་གྲྭར་འཁྱེར་ཡོང་བའི་རིག་ནུས་མཐའ་སྣེའི་ཐོན་རྫས་ལ་དོ་དམ་ཚད་ལྡན་བྱེད་པ་དང་ལག་ཐོགས་ཁ་པར་སོགས་གློག་རྡུལ་ཐོན་རྫས་སློབ་ཚན་དུ་འཁྱེར་རིགས་གཏན་འགོག་བྱེད་དགོས།
གཞན་ཡང་བྱ་ཐབས་ནང་དམིགས་བསལ་སློབ་མའི་ཚོགས་སྤྱིར་སེམས་ཁུར་དང་གཅེས་སྐྱོང་། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་ཐེ་གཏོགས་བྱེད་པའི་ལམ་སྲོལ་འཛུགས་པ། ཁོངས་མི་ཡོངས་ཀྱི་སེམས་ཁམས་གསོ་སྐྱོང་གི་ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། སློབ་གྲྭའི་སེམས་ཁམས་ལ་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་ལེགས་སུ་གཏོང་བ། ཁྱིམ་ཚང་འཆམ་མཐུན་དང་ཕ་མ་བུ་ཕྲུག་གི་འབྲེལ་བ་གསོ་སྐྱོང་བྱེད་པ། སྡེ་ཚན་མཐུན་སྦྱོར་ཐོག་ནས་འགོག་སྲུང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་པའི་བླང་བྱ་བཏོན་ཡོད་པ་རེད།