གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་31ཉིན། 15:36】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་དྲ་བའི་བརྙན་འཕྲིན་དཔྱད་བརྗོད། སྒེར་ཁོངས་ཐད་གཏོང་དེ“རྒན་རྒོན་ལ་མགོ་སྐོར་གཏོང་བའི་”གཡོ་རྙིར་འགྱུར་མི་རུང་།
ཉེ་ཆར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྒེར་ཁོངས་ཐད་གཏོང་གི་གནས་ཚུལ་རྙོག་འཛིང་དེ་བཅོས་སྒྲིག་ནན་པོ་བྱས་པར་ཀུན་གྱི་དོ་ཁུར་ཆེན་པོ་བྱུང་ཡོད། དོན་དངོས་སུ་ཅི་ཞིག་ལ་སྒེར་ཁོངས་ཐད་གཏོང་ཟེར་བ་དང་། ཅིའི་ཕྱིར་དེ་རིགས་ལ་བཅོས་སྒྲིག་བྱེད་དགོས་ཟེར་ན།
སྒེར་ཁོངས་ཐད་གཏོང་དེ་ང་ཚོས་རྒྱུན་མཐོང་གི་སྤྱི་ཁོངས་ལས་སྟེགས་ཐོག་ཐད་གཏོང་དང་མི་འདྲ་སྟེ། དེ་ནི་ཡོངས་བསྒྲགས་སྤྱི་ཚོགས་འབྲེལ་འདྲིས་ལས་སྟེགས་ལ་བརྟེན་པ་མིན་པར། རང་ཉིད་ཀྱིས་བསྐྲུན་པའི་མ་ལག་ཆུང་ཆུང་དང་སྒེར་གྱི་སྐད་འཕྲིན་ཚོགས་པ་བརྒྱུད་ནས་འཁོར་སྐྱོད་བྱེད་བཞིན་ཡོད། གཙོ་སྐྱོང་པས་ཁ་ཕྱོགས་གཏན་འཁེལ་གྱིས་དམིགས་བསལ་གྱི་མི་ཚོགས་ལ་སྦྲེལ་གནས་བསྐུར་ནས་བལྟ་བར་འཇུག་པ་དང་། ནང་དོན་ཡོངས་བསྒྲགས་ངང་བསྐྱར་གཏོང་བྱ་རྒྱུ་མེད་པས་“སྒོ་བརྒྱབ་པའི་ཐད་གཏོང་”ཞེས་བརྗོད། རྣམ་པ་དེ་རིགས་ནི་མ་གཞི་ནས་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཡིན་ལ། གནད་ལ་འཁེལ་བའི་སྒོ་ནས་ཚོང་པར་དམིགས་འབེན་སྤྱོད་མཁན་ངོ་སྤྲོད་བྱ་ཐུབ་པ་དང་། ཞབས་ཞུའི་སྤུས་ཚད་དང་སྤྱོད་མཁན་གྱི་གདེང་འཇོག་མཐོ་རུ་གཏོང་རྒྱུར་རོགས་རམ་བྱེད་ཐུབ་མོད། འོན་ཀྱང་ཁྲིམས་འགལ་བ་ཁག་ཅིག་གིས་“རྒན་རྒོན་ལ་མགོ་སྐོར་གཏོང་བའི་”མཚོན་ཆ་རྣོན་པོ་ཞིག་ཏུ་བསྒྱུར་ཡོད།
“རྒན་རྒོན་ལ་མགོ་སྐོར་གཏོང་བའི་”ཐབས་ལམ་མང་པོ་ཡོད་པ་མ་ཟད་མགོ་འཐོམ་པའི་རང་བཞིན་ཆེན་པོ་ལྡན་ཡོད། དཔེར་ན། སྔོན་ལ་རིན་མི་དགོས་པའི་སྒོ་ང་སོགས་ལག་རྟགས་ཆུང་ཆུང་སྤྲད་ནས་རྒན་རྒོན་ཚོ་ཚོགས་པའི་ནང་ཞུགས་དུ་འཇུག་པ་དང་། ཚོགས་པའི་ནང་ཞུགས་རྗེས་གཙོ་སྐྱོང་པས་ཁ་ཞེ་གཉིས་མེད་ཀྱིས་བྱམས་མདོག་བསྟན་ནས་རྒན་རྒོན་ཚོའི་སེམས་ཁམས་ཀྱི་སྔོན་འགོག་རིམ་བཞིན་མེད་པར་གཏོང་གི་ཡོད། ཐད་གཏོང་བྱེད་སྐབས་“མི་སྟོང་གིས་དྲ་ཐོག་ནས་འཕྲོག་ཉོ་བྱེད་པའི་”རྣམ་པ་རྫུན་བཟོ་བྱས་ཏེ། རྒན་རྒོན་ལ་བསླུ་བྲིད་བྱས་ནས་མངག་ཉོ་བྱེད་དུ་འཇུག་གིན་ཡོད། ལྟ་སྐུལ་དོ་དམ་ལས་གཡོལ་ཆེད། ཚོང་པས་ད་དུང“མགོ་སྐོར་བའི་ཐབས་ཤེས་”འདི་འདྲ་རྩེད་བཞིན་ཡོད་པ་དཔེར་ན། གཙོ་སྐྱོང་པས་ཐད་ཀར་སྒྲིག་འགལ་གྱི་ཁྱབ་བསྒྲགས་མི་བྱེད་པར། ཧོབ་ཐོན་བརྙན་ཡིག་ལ་བརྟེན་ནས་ཕན་ནུས་ཤུགས་ཀྱིས་སྟོན་པ། ཐད་གཏོང་གི་རླངས་འཁོར་སེར་པོ་ཆུང་ཆུང་མ་འགེལ་ནས་ཡོངས་བསྒྲགས་སུ་མི་འཚོང་བར་ཐད་གཏོང་ཐད་ཕན་ཚུན་ཁ་བརྡ་བྱེད་པའི་ཐབས་ལམ་བརྒྱུད་ནས་སྒེར་ལ་སྦྲེལ་མཐུད་བྱེད་པའི་དྲ་ཚིགས་བསྐུར་བའི་བྱ་ཐབས་སྤྱད་ནས་ཞིབ་བཤེར་བྱེད་པ་ལས་གཡོལ་གིན་ཡོད་པ་རེད།
སྒེར་ཁོངས་ཐད་གཏོང་གི་སྦས་སྐུང་རང་བཞིན་དྲག་པོ་ཡོད་པས་ལྟ་སྐུལ་དོ་དམ་གྱི་མུན་ཁུལ་དུ་འགྱུར་སླ་བ་དང་། ལྟ་སྐུལ་དོ་དམ་སྡེ་ཁག་གིས་རང་འགུལ་ངང་སྒྲིག་འགལ་གྱི་ཁུངས་སྣེ་རྙེད་དཀའ་ལ་ཁེ་དབང་སྲུང་སྐྱོང་དང་དཔང་རྟགས་ལེན་པ་ཡང་དཀའ་ངལ་ཡོད།
སྒེར་ཁོངས་ཐད་གཏོང་གི་གནས་ཚུལ་རྙོག་འཛིང་ལས་བྱུང་བའི་གནོད་འཚེ་ཚབས་ཆེན་སྣང་མེད་དུ་འཇོག་མི་རུང་། ངེས་པར་དུ་བཅོས་སྐྱོང་ནན་པོ་བྱས་པ་བརྒྱུད་བཅའ་ཁྲིམས་ཀྱི་དམར་ཐིག་གསལ་པོ་བཟོས་ནས་ལས་སྟེགས་ཀྱི་འགན་འཁྲི་དམ་ཟབ་བྱེད་པ་དང་། སྒེར་ཁོངས་ཐད་གཏོང་དེ་ཞབས་ཞུའི་ངོ་བོར་ཕྱིར་ལོག་ཐུབ་པ་བྱེད་པ་ལས། རྒན་རྒོན་ལ་མགོ་སྐོར་གཏོང་བའི་“གཡོ་རྙིར་”འགྱུར་མི་རུང་།