འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་31ཉིན།

༄༅།།རང་རྒྱལ་གྱིས་བདེ་སྐྱིད་ཆུ་བོ་དང་མཚོའི་གདེང་འཇོག་ལ་དམིགས་ནས་རྒྱལ་ཁབ་ཀྱི་ཚད་གཞི་ཐེངས་དང་པོ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་31ཉིན། 15:30】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཆུ་བེད་པུས་བཟོས་པའི་རྒྱལ་ཁབ་ཀྱི་ཚད་གཞི《བདེ་སྐྱིད་ཆུ་བོ་དང་མཚོའི་གདེང་འཇོག་གི་ཕྱོགས་སྟོན་སྒྲིག་སྲོལ་ཁག་དང་པོ། འབབ་རྒྱུད་རྒྱ་ཁྱོན་3000km2(ཚུད་པ)མན་གྱི་ཆུ་བོ》རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། 2026ལོའི་ཟླ་5ཚེས་1ཉིན་ནས་བཟུང་ཁྱོན་ཡོངས་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དང་། དེ་ནི་རང་རྒྱལ་གྱིས་བདེ་སྐྱིད་ཆུ་བོ་དང་མཚོའི་གདེང་འཇོག་ལ་དམིགས་ནས་ཐེངས་དང་པོ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཞིག་རེད།

     འདི་ལོའི་ཟླ་བ་དྲུག་པར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཆུ་བོ་དང་གཙང་པོ་སྲུང་སྐྱོང་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པའི་ནང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བདེ་སྐྱིད་ཆུ་བོ་དང་མཚོ་འཛུགས་སྐྲུན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་བླང་བྱ་བཏོན་ཡོད། དུས་ཡུན་རིང་པོར་རང་རྒྱལ་གྱི་ཆུ་བོ་འབྲིང་ཆུང་ཁྱབ་ཚུལ་ཁ་ཐོར་ཡིན་པ་དང་ས་ཁོངས་ཀྱི་ཧེ་བག་ཆེ་བའི་དབང་གིས་འབྲུབ་འགོག་བདེ་སྲུང་དང་། སྐྱེ་ཁམས་སླར་གསོ། རིག་གནས་རྒྱུན་འཛིན། དམངས་འཚོའི་ཞབས་ཞུ་སོགས་ཀྱི་ཐད་གཅིག་གྱུར་དང་ཁ་གསལ་བའི་གདེང་འཇོག་གི་གཞི་འཛིན་ས་ཞིག་མེད། ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་ཚད་གཞི་འདིས“བདེ་སྐྱིད”ཞེས་པའི་སྤྱི་མཚན་འདི་ཚད་འབེབས་ཆོག་པ་དང་དོན་འཁྱོལ་ཆོག་པའི་ཞིབ་ཕྲའི་དམིགས་ཚད་ཅིག་ཏུ་ཐེངས་དང་པོར་བསྒྱུར་པ་དང་ཆབས་ཅིག ཆུ་བོ་དང་མཚོའི་བདེ་སྐྱིད་སྟོན་གྲངས་ཀྱི་གྲངས་ཐང་ལེན་པའི་སྒྲིག་སྲོལ་དང་། གདེང་འཇོག་འབྲས་བུ་གྲུབ་པའི་སྒྲིག་སྲོལ། གདེང་འཇོག་སྙན་ཞུ་འབྲི་བཟོ་སོགས་ཀྱི་བླང་བྱ་བཅས་ཁ་གསལ་བཟོས་ནས། ས་གནས་ཁག་གིས་ཆུ་བོ་དང་མཚོ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པར་བརྟེན་ཆོག་པའི“བདེ་སྐྱིད་ཀྱི་འཇལ་ཆས” གསལ་པོ་ཞིག་མཁོ་འདོན་བྱས་ཡོད་པ་རེད།

     གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་ཚད་གཞི་ནི་འབབ་རྒྱུད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3000མན་གྱི་ཆུ་བོ་འབྲིང་ཆུང་ཁག་ལ་ཆེད་མངགས་དམིགས་པ་ཞིག་རེད། ཆུ་བོ་འདིའི་རིགས་ཀྱིས་རྒྱལ་ཡོངས་ཀྱི་ཆུ་བོའི་བསྡོམས་འབོར་གྱི་90%ཡན་བཟུང་ཡོད་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀུན་ཏུ་ཁྱབ་ཡོད་པས། དེ་ནི་ཞིང་ཆུ་འདྲེན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ལ་ཆུ་མཁོ་འདོན་བྱེད་པའི“སྲོག་རྩ”ལྟ་བུ་ཡིན་ལ། གྲོང་མི་ཚོ་སྤྲོ་གསེང་ཆུ་བཅར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་རྣམ་པའི“མཛེས་ལྗོངས”ཤིག་ཀྱང་རེད།