འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་30ཉིན།

༄༅།།འགྲིམ་འགྲུལ་སྐྱེལ་འདྲེན་པུས་དོན་རྐྱེན་འདིར་ལན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་30ཉིན། 14:50】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཚེས་29ཉིན་གྱི་སྔ་དྲོ་འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཟླ་10པའི་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དུས་ཚིགས་གོང་མ་གསུམ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

     དེ་གོང་ཀོང་ཞི་ལ་ཞལ་འདེབས་བརྒྱབ་པའི་གེགས་སེལ་དངོས་ཟོག་ལ་འགྲོ་གྲོན་བསྡུས་པའི་གནས་ཚུལ་ལ་དམིགས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གསར་འགྱུར་མགྲིན་ཚབ་པ་ལི་དབྱིང་གིས་བསྟན་དོན། ཉེན་སྐྱོབ་གེགས་སེལ་ལས་འགན་ཕན་ནུས་ཆེ་ཞིང་བདེ་བླག་ངང་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱ་ཆེད། 2004ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་《གྲོན་བསྡུའི་གཞུང་ལམ་དོ་དམ་སྲོལ་ཡིག་》ཏུ་“རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་གཙོ་སྐྱོང་སྡེ་ཁག་གམ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་ནས་ཉེན་སྐྱོབ་གེགས་སེལ་ལས་འགན་ལག་བསྟར་བྱེད་པའི་རླངས་འཁོར་ལ་འགྲོ་གྲོན་མི་བསྡུ་”ཞེས་གཏན་འབེབས་གསལ་པོ་བྱས་ཡོད།

     《གྲོན་བསྡུའི་གཞུང་ལམ་དོ་དམ་སྲོལ་ཡིག་》གི་གཏན་འབེབས་བླང་བྱ་དོན་འཁྱོལ་དང་། ཉེན་སྐྱོབ་གེགས་སེལ་ལས་འགན་ལག་བསྟར་བྱེད་པའི་རླངས་འཁོར་རིན་མི་དགོས་པར་མགྱོགས་མྱུར་འགྲོ་སྐྱོད་བྱེད་པར་སྟབས་བདེ་ཡོང་ཆེད། 2022ལོའི་ཟླ་4པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་མཉམ་འབྲེལ་ཐོག་《ཞིང་ཆེན་བརྒལ་ནས་ཉེན་སྐྱོབ་གེགས་སེལ་ལས་འགན་ལག་བསྟར་བྱེད་པའི་རླངས་འཁོར་རིན་མི་དགོས་པར་འགྲོ་སྐྱོད་བྱེད་པའི་ཞབས་ཞུའི་འགན་སྲུང་སྒྲིག་སྲོལ་(ཚོད་སྤེལ།)》པར་འགྲེམས་བྱས་ཏེ། ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་འབྲེལ་ཡོད་ལས་ཀའི་བརྒྱུད་རིམ་ལེགས་སུ་བཏང་བ་སྟེ། ཆོག་མཆན་ཐོབ་པ་བརྒྱུད་ཞིང་ཆེན་བརྒལ་ནས་ཉེན་སྐྱོབ་གེགས་སེལ་ལས་འགན་ལག་བསྟར་བྱེད་པའི་རླངས་འཁོར་གྱི་ཆ་འཕྲིན་སྟེ། རླངས་འཁོར་ཨང་རྟགས་དང་། ལས་འགན་གྱི་མིང་། སྔོན་དཔག་འབྱོར་བའི་དུས་ཚོད། བརྒྱུད་ལམ་ཞིང་ཆེན་སོགས་ཚུད་པའི་སྡེ་ཁག་གི་མཐུན་སྦྱོར་དང་མ་ལག་སྦྲེལ་མཐུད་བྱེད་སྟངས་གཅིག་གྱུར་གྱིས་སྤྱད་དེ། གྲོན་བསྡུའི་གཞུང་ལམ་དྲ་སྦྲེལ་གྲོན་བསྡུའི་མ་ལག་བརྒྱུད་དེ་མྱུར་བགྲོད་ལམ་ཁག་གི་རིན་བསྡུ་ས་ཚིགས་སུ་སྔོན་ལ་བཀྲམ་དགོས། ཉེན་སྐྱོབ་གེགས་སེལ་ལས་འགན་སྒྲུབ་པའི་རླངས་འཁོར་མྱུར་བགྲོད་གཞུང་ལམ་ཕྱིར་གཏོང་གྲོན་དངུལ་བསྡུ་བའི་ས་ཚིགས་སུ་སླེབས་སྐབས། གྲོན་དངུལ་བསྡུ་བའི་འཁོར་ལམ་མ་ལག་གིས་རང་འགུལ་ངང་ངོས་འཛིན་བྱེད་པ་དང་འབྲེལ་རིན་མེད་ངང་ལམ་ཕྱེས་ནས་མགྱོགས་མྱུར་ངང་ཤར་གཏོང་ཐུབ་པ་མ་ཟད། ETCསྤྱོད་པའི་ཉེན་སྐྱོབ་གེགས་སེལ་ལས་འགན་སྒྲུབ་པའི་རླངས་འཁོར་ད་དུང་རླངས་འཁོར་མ་བསྡད་པར་རིན་མེད་ངང་མགྱོགས་མྱུར་འགྲོ་སྐྱོད་བྱེད་ཐུབ། ཤེས་རྟོགས་རགས་ཙམ་བྱས་པ་བརྒྱུད། དྲ་ཐོག་ཏུ་གནས་ཚུལ་སྤེལ་བའི་རླངས་འཁོར་ནི་ཞལ་འདེབས་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཡིན་པས། བསྡུ་ལེན་ཚན་པས་དོ་བདག་ལ་ཁྲིམས་སྲོལ་གྱི་གཏན་འབེབས་གསལ་བཤད་གསལ་པོ་བྱེད་མ་ཐུབ་པས། གོ་ནོར་ངེས་ཅན་ཞིག་བྱུང་ཡོད།

     གོམ་སྟབས་རྗེས་མར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་འཕྲལ་སྡོམ་དོ་དམ་པུའུ་དང་མཉམ་དུ་ཉེན་སྐྱོབ་གེགས་སེལ་ལས་འགན་ལག་བསྟར་བྱེད་པའི་རླངས་འཁོར་རིན་མེད་འགྲོ་སྐྱོད་ཞབས་ཞུའི་འགན་སྲུང་སྒྲིག་སྲོལ་སྔར་བས་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས། འགན་སྲུང་ནུས་པ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག་ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་དང་གྲོན་བསྡུའི་གཞུང་ལམ་གཉེར་སྐྱོང་དོ་དམ་སྡེ་ཁག་གིས་ཁྲིམས་སྲོལ་སྲིད་ཇུས་དྲིལ་བསྒྲགས་གསལ་འགྲེལ་དང་འབྲེལ་ཡོད་མི་སྣ་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ནུས་ཆེ་མགྱོགས་མྱུར་ངང་ཉེན་སྐྱོབ་གེགས་སེལ་ལས་འགན་ལག་བསྟར་བྱེད་པའི་རླངས་འཁོར་རིན་མེད་འགྲོ་སྐྱོད་ཞབས་ཞུའི་འགན་སྲུང་ལས་དོན་ལེགས་སྒྲུབ་བྱ་རྒྱུའི་ལྟ་སྐུལ་དང་མཛུབ་ཁྲིད་བྱ་རྒྱུ་ཡིན།