འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་30ཉིན།

༄༅།།ལྐོག་རྔན་སྒོར་དུང་ཕྱུར་1.47ལྷག་ཙམ་བླངས་པས། དབྱང་ཧྥ་སེན་ཚེ་གང་བཙོན་དུ་འཇུག་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་30ཉིན། 14:42】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཚེས་29ཉིན། ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཐོག་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་ཟུར་པ་དང་། ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཟུར་པ་དབྱང་ཧྥ་སེན་གྱིས་ལྐོག་རྔན་བླངས་པའི་གྱོད་དོན་ཡོངས་བསྒྲགས་ཐོག་ནས་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་དབྱང་ཧྥ་སེན་གྱིས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པས་ཚེ་གང་བཙོན་འཇུག་དང་ཆབ་སྲིད་ཀྱི་དབང་ཆ་ཚེ་གང་་བཙན་འཕྲོག སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་བཅས་ཀྱི་ཆད་པ་བཅད་པ་རེད། དབྱང་ཧྥ་སེན་གྱི་བྱས་ཉེས་བསགས་ནས་ཐོབ་པའི་རྒྱུ་ནོར་ཁྲིམས་ལྟར་བདའ་འདེད་བྱས་ནས་གཞུང་བཞེས་གཏོང་རྒྱུ་ཡིན་པ་རེད།

     ཞིབ་གཅོད་བྱས་པ་བརྒྱུད། 2005ལོའི་ཟླ་3པ་ནས་2024ལོའི་ཟླ་7པའི་བར། ཞུ་སྦྱོར་ཕྱི་མ་བ་དབྱང་ཧྥ་སེན་གྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ཁེ་སུའུ་ས་ཁུལ་ཨ་ཁེ་སུའུ་གྲོང་ཁྱེར་དབྱི་ཀན་ཆི་ཤང་གི་ཏང་ཨུའི་ཧྲུའུ་ཅི་དང་། ཨ་ཁེ་སུའུ་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་གྲོང་དཔོན་གཞོན་པ། ཨ་ཁེ་སུའུ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། པའེ་ཁྲེང་རྫོང་ཨུའི་ཧྲུའུ་ཅི། ཁུའུ་ཁྲེ་རྫོང་ཨུའི་ཧྲུའུ་ཅི། ཧོ་ཐེན་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཝུའུ་རུམ་ཆི་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་སོགས་ཀྱི་ལས་གནས་ཐད་ཀྱི་སྟབས་བདེ་དང་འགན་དབང་ངམ་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་ཁེ་ལས་དང་སྒེར་པར་ལས་གྲྭ་འགན་གཙང་ལེན་དང་ཁེ་ལས་གཉེར་སྐྱོང་སོགས་ཀྱི་དོན་དག་ཐད་རོགས་རམ་བྱས་ནས་ཁྲིམས་དང་འགལ་ཏེ་རྒྱུ་ནོར་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་1.47ལྷག་ཙམ་བླངས་ཡོད་པ་རེད།

     ཧན་ཀྲུང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་དབྱང་ཧྥ་སེན་གྱི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་པ་དང་གྲངས་འབོར་ཧ་ཅང་ཆེ་བས་ཁྲིམས་ལྟར་ཆད་པ་གཅོད་དགོས་པའི་ངོས་བཟུང་བ་དང་། དབྱང་ཧྥ་སེན་གྱིས་ལྐོག་རྔན་བླངས་པའི་བྱས་ཉེས་ཁྲོད་དུ་བྱས་ཉེས་སུ་སྒྲུབ་པའི་གནས་ཚུལ་ཡོད་པ་དང་། རང་འགུལ་ངང་གྱོད་དོན་ངོས་ལེན་ཞུས་ནས་གྱོད་དོན་ལས་གཅོད་ལས་ཁུངས་ཀྱིས་ཤེས་རྟོགས་མ་བྱུང་བའི་ལྐོག་རྔན་བླངས་པའི་དོན་དངོས་མང་ཆེ་བ་རང་འགུལ་ངང་རྩིས་སྤྲོད་བྱས་པ་དང་། བྱས་ཉེས་བསགས་ནས་ཐོབ་པའི་རྒྱུ་ནོར་ཚང་མ་བདའ་འདེད་ཐུབ་ཅིང་། ཁྲིམས་ལྟར་ཉེས་ཆད་ཡང་མོ་བཅད་ཆོག་པས། ཁྲིམས་ཁང་གིས་དཔྱད་མཚམས་གོང་གསལ་བཞིན་བཏང་བ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཧན་ཀྲུང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་2025ལོའི་ཟླ་9པའི་ཚེས་12ཉིན་ཡོངས་བསྒྲགས་ངང་ཁྲིམས་ས་འཚོགས་ནས་གྱོད་དོན་དེར་ཞིབ་གཅོད་བྱས་པ་རེད། ཁྲིམས་སའི་འདྲི་གཅོད་ཁྲོད། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་པ་དང་ཞུ་སྦྱོར་ཕྱི་མ་བ་དབྱང་ཧྥ་སེན་དང་ཁོ་པའི་དག་འབུད་པས་དག་འབུད་བྱས། ཞུ་གཏུག་དང་དག་འབུད་ཕྱོགས་གཉིས་ཀྱིས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་པ་དང་དབྱང་ཧྥ་སེན་གྱིས་མཐའ་མའི་གསལ་བཤད་བྱས། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མང་ཚོགས་མི་20ཙམ་གྱིས་ཁྲིམས་སའི་འདྲི་གཅོད་ཟུར་ཉན་བྱས་པ་རེད།